Search This Blog

Tuesday, May 7, 2013

26 སྐྱེ་དངོས་སྨན་རྫས་རིག་པ་དང་ཟུང་ལྡན་མིང་བརྡའི་ལམ་ལུགས།


༄༅།། སྐྱེ་དངོས་སྨན་རྫས་རིག་པ་དང་ཟུང་ལྡན་མིང་བརྡའི་ལམ་ལུགས།

འཛམ་གླིང་སྨན་དཔྱད་རིག་པའི་ལོ་རྒྱུས་ལ་བལྟས་ན་ཕྱི་ལོའི་སྔོན་གྱི་དུས་རབས་༡༣ པའི་ནང་རྒྱ་ནག་གི་གསོ་དཔྱད་རིག་པ་དར་ཡོད་ཚོད་དང་། དེ་དག་གིས་སྐྱེ་དངོས་སྨན་རྫས་རིགས་བེད་སྤྱོད་བྱེད་སྲོལ་ཡོད་པ་དང་། ཕྱི་ལོའི་གོང་གི་ལོ་༢༦༠༠ ཙམ་ནས་ཨི་ཇིབྚ་[i]ཀྱི་མེསོ་པོཊཱམིཡཱ་[ii]ཁུལ་དུ་རང་བྱུང་ཁམས་ཀྱི་ཐོན་རྫས་རིགས་སྨན་དུ་ཐོག་མར་བཀོལ་བ་དང་། ཕྱི་ལོའི་སྔོན་གྱི་ལོ་༡༠༠༠ ཡས་མས་ནས་རྒྱ་གར་ཚེའི་རིག་བྱེད་པས་སྔོ་སྨན་རིགས་སྨན་དུ་སྤྱོད་སྲོལ་ཡོད་པའི་ཚོད་དཔག་[iii]དང་། དེ་བཞིན་འཛམ་གླིང་སྨན་དཔྱད་རིག་པའི་མེས་པོ་ཧིཔོ་ཀྲེཊིས་[iv](ཕྱི་ལོའི་སྔོན་གྱི་ལོ་༤༦༠་་་༣༧༠)ཡིས་མཚུར་དང་སྦྲང་རྩི། ཆུ་སོགས་ནད་གསོ་ཐབས་ཀྱི་ལག་ལེན་དུ་སྤྱད་པའི་ལོ་རྒྱུས་རྣམས་ལ་གཞིགས་ན། ཆེས་གདོད་མའི་མི་རབས་ཀྱི་དུས་ནས་རང་བྱུང་ཁམས་ཀྱི་སྐྱེ་དངོས་དང་གཏེར་དངོས། སྲོག་ཆགས་ལས་བྱུང་བའི་དངོས་རྫས་རྣམས་སྨན་དུ་བཀོལ་བའི་སྲོལ་དར་ཡོད་པ་གསལ་པོར་མཚོན་ཐུབ། རིམ་པས་འགྲོ་བ་མིའི་རྣམ་དཔྱོད་ཀྱི་རྩལ་གོང་འཕེལ་དང་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་ཡར་རྒྱས་ཀྱི་འཕོ་འགྱུར་བྱུང་བ་དང་དུས་མཚུངས། ནད་གསོ་ཐབས་ལ་ཉེ་བར་མཁོ་བའི་གཉེན་པོ་སྨན་གྱི་རྒྱུ་ཆའི་ཐོན་ཁུངས་དང་སྤུས་ཚད་རྣམས་ལ་ཡང་ཡར་རྒྱས་ཀྱི་ཁ་ཕྱོགས་འགྱུར་ཡོད་པ་སྨྲོས་མི་དགོས།

ཕྱི་ལོའི་སྔོན་མི་ལོ་༣༤༠ དུས་མཁས་པ་ཐིཡོ་ཕར་ཊས་[v]ཀྱིས་སྐྱེ་དངོས་རྩི་ཤིང་དང་འབྲེལ་བའི་གཞུང་གཉིས[vi]་གསར་རྩོམ་མཛད། དེ་ནི་རྩི་ཤིང་རིག་པ་སྟོན་པའི་ཆེས་སྔ་ཤོས་ཀྱི་གཞུང་ཞིག་ཡིན་པར་གྲགས། དེ་རྗེས་ཕྱི་ལོའི་སྔོན་གྱི་ལོ་༡༠༠ ཡས་མས་སུ་བྱོན་པའི་གྷི་རིག་[vii]གི་སྔོ་སྨན་རིག་པ་གྲགས་ཅན་པ་ཀྲ་ཊོས་[viii]ནི་སྔོ་སྨན་ནམ་སྐྱེ་དངོས་སྨན་རྫས་ཀྱི་གཞུང་ལུགས་རྩོམ་མཁན་ཐོག་མ་དེ་ཡིན་པར་གྲགས་ཀྱང་ཁོང་གི་བསྟན་བཅོས་ད་ལྟ་རྩ་བརླག་ཏུ་སོང་བས་མཐོང་ཆོས་སུ་མེད།[ix] ད་ལྟ་ལག་ལྟར་བྱེད་བཞིན་པའི་རྩི་ཤིང་རིག་པ་སྤྱི་དང་སྒོས་སུ་སྐྱེ་དངོས་སྨན་རྫས་ཀྱི་ངོ་བོ་ངོས་འཛིན་དང་། རིགས་སྡེ་དབྱེ་འབྱེད་ཀྱི་ཟུང་ལྡན་མིང་བརྡའི་ལམ་ལུགས་[x]འདི་ནི་དུས་རབས་༡༨ པའི་ནང་སབཱི་ཌིཤ་[xi]ཀྱི་རྩི་ཤིང་རིག་པ་གྲགས་ཅན་པ་ཀཱརླ་ལཱི་ནིཡས་[xii](ཕྱི་ལོ་༡༧༠༧་་་༡༧༧༨)ཡིས་གསར་གཏོད་མཛད་དེ་(རྩི་ཤིང་གི་རིགས་དབྱེ།[xiii])ཞེས་པའི་གཞུང་ཞིག་ཕྱི་ལོ་༡༧༥༣ ལོར་པར་སྐྲུན་བྱུང་བ་དེ་ཉིད་གཞི་མར་བྱས་པ་ཡིན་ལ། འདི་ནི་སྐྱེ་དངོས་སྨན་རྫས་རིག་པའི་སྨན་ངོ་གསལ་བྱེད་ཀྱི་གཞུང་ལུགས་ཐོག་མ་དེ་ཡིན་ཟེར་བཤད་ཀྱང་མི་འགྲིག་པ་མེད་སྙམ།

ཟུང་ལྡན་མིང་བརྡའི་ལམ་ལུགས་འདིས་འཇིག་རྟེན་སྟེང་གི་སྐྱེ་དངོས་ཡོད་དོ་ཅོག་ལ་མིང་བརྡ་གཉིས་ལས་སྒྲུབ་པའི་མིང་རེ་འདོགས་སྲོལ་ཡོད་ལ། མིང་བརྡ་དང་པོ་རིགས་སྤྱིའི་མིང་[xiv]ཡིན་ལ། དེ་ཉིད་རྟག་ཏུ་མིང་ཚིག་[xv]ཏུ་འབྲི་དགོས་པས་དེས་རྩི་ཤིང་དེ་ཉིད་རིགས་སྡེ་གང་གི་ཁོངས་སུ་གཏོགས་པ་སྟོན་པ་ཡིན། དཔེར་ན་ཨ་རུ་ར་(ཊར་མིཾ་ན་ལིཡ། ཅེ་བུ་ལཱ།[xvi]) དང་བ་རུ་ར་(ཊར་མིཾ་ན་ལིཡ། བེ་ལེ་རི་ཀཱ[xvii]) གཉིས་ཀྱི་རིགས་མིང་ཊར་མིཾ་ན་ལིཡ་[xviii]ཞེས་པའི་ཐ་སྙད་འདི་གྷི་རིག་གི་ཐ་སྙད་ཊར་མི་ནས་[xix]ལས་གྲུབ་པ་ཡིན་ཅིང་། དོན་དུ་རིགས་སྡེ་འདིའི་རྩི་ཤིང་རྣམས་ལ་ལོ་མ་ཡལ་ཕྲན་གྱི་རྩེ་མོར་སྐྱེས་བའི་ཁྱད་ཆོས་ལྡན་པ་མཚོན་པ་ཡིན།

མིང་བརྡ་གཉིས་པ་ཁྱད་མིང་[xx]དེ་ནི་རྒྱན་ཚིག་གམ་ཁྱད་ཚིག་[xxi]ཐོག་འབྲི་སྲོལ་ཡོད་པས་དེས་རིགས་ཁྱད་པར་བའམ་བྱེ་བྲག་གང་ཡིན་སྟོན་པ་ཡིན་ཏེ། དཔེར་ན་པི་པི་ལིང་དང་ཕོ་བ་རིས་གཉིས་རིགས་སྡེ་པཱཡི་པར་[xxii]གྱི་ཁོངས་སུ་གཏོགས་པ་གཅིག་པ་ཡིན་ཡང་བྱེ་བྲག་ཏུ་པི་པི་ལིང་འདི་ལ་འབྲས་བུ་ནར་མོའམ་རིང་མོ་ཡོད་པའི་སྒྲ་དོན་(ལོངྒམ་[xxiii])ཞེས་སྦྱར་བས་པཱཡི་པར་ལོངྒམ་[xxiv]ཞེས་པ་དང་། ཕོ་བ་རིས་ལ་འབྲས་བུ་རིལ་མོ་ཅན་ཁ་དོག་ནག་པོ་ཡོད་པའི་སྒྲ་(ནཱཡི་གྲམ་[xxv])སྦྱར་བས་པཱཡི་པར་ནཱཡི་གྲམ་[xxvi]ཞེས་མིང་གི་སྒོ་ནས་དབྱེ་ཞིབ་མཛད་ཡོད། དེ་བཞིན་སྐྱེ་དངོས་སོ་སོའི་ཁ་དོག་དང་བྱེད་ལས། བོངས་ཆེ་ཆུང་དང་བཟོ་དབྱིབས། སྐྱེ་ལུགས་དང་སྐྱེ་གནས། ཐ་ན་རྫས་ཀྱི་གྲུབ་ཆ་སོགས་སྟོན་ཐུབ་པའི་ཁྱད་ཆོས་ཡོད། ཟུང་ལྡན་མིང་བརྡ་འདོགས་པའི་སྲོལ་དར་བ་ནས་བཟུང་སྐྱེ་དངོས་རིག་པའི་ངོས་འཛིན་དབྱེ་ཞིབ་ཀྱི་ཐབས་ལམ་དེ་ཞིབ་ཚགས་དང་ཐུན་མོང་མ་ཡིན་པ་ཞིག་ཏུ་འགྱུར་ཡོད། རྒྱུ་མཚན་དེའི་ཕྱིར་ལམ་ལུགས་འདི་ནི་ཚན་རིག་ཀྱི་གནས་ཚད་མཐོ་བའི་རིག་པ་ཞིག་ཡིན་པས་ཐམས་ཅད་ཀྱིས་ཚད་ལྡན་དང་ཁུངས་ལྡན་དུ་ཁས་བླངས་བཞིན་ཡོད། ཟུང་མིང་འདི་གཉིས་ཀ་ཡོད་པའི་རྩི་ཤིང་གཉིས་པ་ཞིག་འཇིག་རྟེན་ན་ཡོངས་ཐབས་མེད་པ་ནི་ལམ་ལུགས་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཆེ་ཆོས་དེ་ཡིན། མིང་བརྡ་འདིར་སྐབས་རེ་ཟུང་མིང་[xxvii]ངམ། སྐབས་རེ་ལེ་ཊིན[xxviii]། ཡང་སྐབས་རེ་རྩི་ཤིང་རིག་པའི་མིང་ངམ་ཐ་སྙད[xxix]། ཡང་ན་ཚན་རིག་གི་མིང་[xxx]བཅས་སྐབས་ཐོབ་སོ་སོར་འགྲེལ་རྒྱུ་ཡོད་དོ།།


ཟུང་ལྡན་མིང་བརྡའི་དཔེ་མཚོན།

ཙནྡན་དཀར་པོ། Santalum album Linn.
Santalum
རིགས་མིང་།(Genus name) རྟག་ཏུ་མགོ་ཡིག་(capitalized) ཡོད་པ་འབྲི་དགོས།
album
ཁྱད་མིང་།(Specific epithet) རྟག་ཏུ་མགོ་ཡིག་(not capitalized) མེད་པ་འབྲི་དགོས།
Santalum album
རིགས་ཁྱད་ཀྱི་མིང་།(Species name) རྒྱུན་དུ་འཕྲེད་ཉལ་ཡིག་གཟུགས་(Italicized) ཐོག་འབྲི་བའམ་ཡང་ན་གཤམ་ཐིག་(underlined) ཡོད་པ་འབྲི་དགོས།
Linn.
ངོས་འཛིན་སྲོལ་གཏོད་པའི་མིང་བསྡུས།(author name abbreviated) “Linn” ཅེས་པ་རྩི་ཤིང་རིག་པ་གྲགས་ཅན་པ་ཀཱརླ་ལཱི་ནིཡས་ཡི་མིང་གཉིས་པ་(Linnaeus) བསྡུས་པ་མཚོན།


རྩི་ཤིང་རིག་པ་གྲགས་ཅན་པ།
ཀཱརླ་ལཱིནིཡས།(Carl Linnaeus,1707-1778)
རི་མོ་མཁན་ཨེལེཇ་ཛན་ཌར་རོས་ལིན་(Alexander Roslin) གྱིས་ཕྱི་ལོ་༡༧༧༥ ལོར་བྲིས་པའི་སྣུམ་མཚོན་རི་མོ། ད་ལྟ་སབཱི་ཌིཤ་རྒྱལ་ཡོངས་འགྲེམས་སྟོན་ཁང་(Swedish National Museum, "National Museum", Stockholm) དུ་བཞུགས།

(དཔར་རིས་འབྱུང་ཁུངས་དྲ་རྒྱ།)




SPECIES PLANTATUM (རྩི་ཤིང་གི་རིགས་དབྱེ།) 
ཁོང་གི་མཛད་པའི་རྩི་ཤིང་རིག་པའི་ངོ་བོ་རིགས་དབྱེ་སྟོན་པའི་གཞུང་ཆེན་མོ། 
ཕྱི་ལོ ༡༧༥༣ ལོར་དཔར་སྐྲུན་བྱུང་། 

(དཔར་རིས་འབྱུང་ཁུངས་དྲ་རྒྱ།)






Note:

[i] Egypt
[ii] Mesopotamia
[iii] Charles B. Spainhour, History and Background of the Use of Natural Products, pp.13, www.media.wiley.com.pdf
[iv] Hippocrates
[v] Theophrastus
[vi] De Historia Plantarum & De Causis Plantrum
[vii] Greek
[viii] Krateus
[ix] Milan Nagy, History of Phytotherapy and Pharmacognosy, www.chem.uwec.edu.pdf
[x] Bi-nomial Nomenclature System
[xi] Swedish
[xii] Carl Linnaeus or Carl von Linne
[xiii] SPECIES PLANTATUM
[xiv] Genus name
[xv] Noun
[xvi] Terminalia chebula
[xvii] Terminalia bellirica 
[xviii] Terminalia
[xix] Terminus
[xx] Specific epithet
[xxi] Adjective
[xxii] Piper
[xxiii] long, a, um
[xxiv] Piper longum
[xxv] Niger, a, um
[xxvi] Piper nigrum
[xxvii] Bi-nomen
[xxviii] Latin
[xxix] Botanical name
[xxx] Scientific name

No comments:

Post a Comment