Search This Blog

Sunday, July 25, 2010

13 སྨན་རྫས་ངོས་འཛིན་དང་སྨན་མིང་མངོན་བརྗོད་ཀྱི་གལ་གནད།

དེ་ཡང་སློབ་དཔོན་དཔའ་བོ་ཆེན་པོའི་ཞལ་སྔ་ནས། སྨན་ངོ་ཤེས་པར་བྱ་ཐབས་ལ༎ མི་ཤེས་པ་ཡི་རྒྱུ་གསུམ་སྟེ༎ མ་ཐོས་མ་གོམས་མ་མཐོང་ན༎ ནང་གི་གེགས་ཞེས་བྱ་བ་སྟེ༎ དང་པོ་མིང་རྣམས་ཐོས་པར་བྱ༎ དེ་རྗེས་བལྟ་ཞིང་ལེགས་པར་བརྟག། ཞེས་དང༌། བཏགས་པ་མིང་གི་སྐལ་བ་ནི༎ རང་རང་ཡུལ་གྱི་སྐད་ཀྱིས་ནི༎ ངོ་མི་ཤེས་པའི་གནས་སུ་འགྱུར༎ གཞན་ཡང་རྣམ་གྲངས་མིང་དང་ནི༎ བསྡུས་པའི་མིང་ཡང་ཤེས་པར་བྱ༎ ཞེས་གསུངས་པ་ལྟར། འཇིག་རྟེན་འདིའི་སྟེང་གི་དངོས་པོ་ཡོད་དོ་ཅོག་ལ་རང་རང་གི་དོན་དང༌ངོ་བོ་མཚོན་པའི་མིང་རེ་གཉིས་ཡོད་པ་ཇི་བཞིན། བོད་ཀྱི་གསོ་བ་རིག་པའི་སྨན་རྣམས་ལ་ཡང་དེ་དང་དེའི་དོན་ནམ་ངོ་བོ། ཁྱད་ཆོས། སྐྱེ་གནས། གཟུགས་དབྱིབས་དང་ཁ་དོག  དེ་བཞིན་རོ་ནུས་ཕན་ཡོན་རྣམས་སྟོན་པའི་མིང་ངམ་མངོན་བརྗོད་ཇི་སྙིད་ཅིག་ཡོད་པ་དཔེར་ན། མྱངས་ན་ལྕེ་ཤིན་ཏུ་ཚ་བས་མིང་དུ་ལྕེ་ཚ་དང༌། སྐྱེ་གནས་སྤང་དུ་བྱས་པས་སྤང་རྒྱན་མེ་ཏོག་དང༌། ཁོ་དོག་སྔོ་དཀར་ཁྲ་གསུམ་ལས་སྤང་རྒྱན་སྔོན་པོ། སྤང་རྒྱན་དཀར་པོ། སྤང་རྒྱན་ཁྲོ་བོ་སོགས་དང༌། ད་དུང་འདྲ་བའི་སྒོ་ནས་མིང་ཐོགས་པ་ཁྱི་ལྕེ་དང༌། བྱ་རྐང་མ། སྔོ་ཆུ་སྲིན་སྡེར་མོ་ལ་སོགས་པ་སྣ་ཚོགས་ཤིག་ཡོད།

        མིང་གི་རྣམ་གྲངས་དེ་ཐམས་ཅད་ཀྱིས་སྨན་བྱེ་བྲག་པ་དེ་ཉིད་ཇི་བཞིན་ངོ་ཤེས་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་འདིར་དཔེ་མཚོན་ཙམ་བརྗོད་ན། པི་པི་ལིང་ पिप्पली Piper longum Linn. གི་མིང་གི་རྣམ་གྲངས་ལ། རྒྱ་གར་ཡུལ་བཻདེཧ་(वैदेह)དང་ཡུལ་དབུས་མ་ག་དྷ།(मागध)ཁུལ་དུ་ཤས་ཆེ་བས་སྐྱེ་ཁུངས་མིང་དུ་བྱས་པ། (1)བཻ་དེ་ཧི།(वैदेही)  (2)མ་ག་དྷི།(मागधी)དང༌། སྨན་རྒྱུ་འབྲས་བུ་དེ་ཉིད་བསྐམས་རྗེས་ཁ་དོག་ནག་པོར་འགྲོ་བས། (3)ཀྲིཥྞ།(क्रष्णा)སྟེ་ནག་པོ།   རོ་ནུས་ཤིན་ཏུ་ཚ་བས་(4)ཨུ་ཤཎཱ།(ऊष्णा)སྟེ་སྲེག་བྱེད། དབྱིབས་ནར་མོ་གྲང་བ་སེལ་བའི་སྨན་ཡིན་པས་ན་(5)དྲོད་སྨན་ནར་མོ་དང༌། (6)དྲོད་སྨན་ལྗང་མོའམ་འཇོང་མོ་སོགས་འབོད། མིང་གི་རྣམ་གྲངས་དེ་དག་གིས་པི་པི་ལིང་དེ་ཉིད་རོ་ནུས་ཤིན་ཏུ་ཚ་བ། དབྱིབས་ནར་མོ་ཡིན་པ། བསྐམས་རྗེས་ཁ་དོག་ནག་པོར་གྱུར་བ་དང་ཐོན་ཁུངས་རྒྱ་གར་ནང་བཻདེཧ་(वैदेह)དང་མ་ག་དྷ།(मागध) སོགས་ཡིན་པ་སྨན་མིང་གི་མངོན་བརྗོད་དེ་དག་ཤེས་པ་ཙམ་གྱིས་སྨན་ངོ་ཇི་བཞིན་ཤེས་སླ་བའི་ཁྱད་ཆོས་ལྡན་ཡོད་པས་སྨན་ངོ་གསལ་བྱེད་ཀྱི་རིམ་པ་དང་པོར་སྨན་མིང་མངོན་བརྗོད་རྣམས་ཚུལ་བཞིན་ཤེས་པ་ནི་ཤིན་ཏུ་ནས་གལ་གནད་ཆེ་བ་ཡིན་པ་རིག་པས་སྒྲུབ་ཐུབ།

        འོན་ཀྱང་གསོ་བ་རིག་པའི་ལོ་རྒྱུས་ཐོག་སྨན་རྫས་དང་འབྲེལ་བའི་སྔོ་འབུམ་ཁག་དང༌། འཁྲུངས་དཔེ་ཁག་ལ་སོགས་པའི་གཞུང་ཇི་ཉིད་ཅིག་ཡོད་ཀྱང༌། དེ་དག་ཐམས་ཅད་གཅིག་མཚུངས་ཀྱིས་སྨན་གྱི་མིང་དང་དབྱེ་བ། རིགས་དང་ཕན་ནུས་སྟོན་པ་ཙམ་ལས་སྨན་ངོ་བྱེ་བྲག་སོ་སོའི་མིང་ངམ་མངོན་བརྗོད་རྣམས་རེ་རེ་བཞིན་འགྲེལ་བརྗོད་བྱས་པ་ད་བར་མཐོང་ཆོས་སུ་མ་མངོན། དེས་རྐྱེན་པས་གསོ་རིག་རྒྱུད་བཞིར་རྒྱ་གར་རྒྱ་ནག་ལ་སོགས་པའི་ཡུལ་གྲུ་གཞན་གྱི་སྨན་རྫས་མི་ཉུང་བ་ཞིག་གསལ་ཡང་བོད་རང་གི་ས་གནས་ས་ཐོག་ཏུ་མཐོང་ཆོས་སུ་མེད་པ་རྣམས་ཚུལ་བཞིན་ངོ་འཕྲོད་མ་ཐུབ་པའི་དབང་གིས་སྔར་ནས་ད་བར་མ་དག་རྒྱུན་འབྱམས་སུ་སོང་བ་ཇི་སྙིད་ཅིག་རང་སོར་འགྲོ་བཞིན་ཡོད། བློ་ཚབ་བྱེད་དགོས་པ་ཞིག་ལ་ནོར་བ་རྒྱུན་འབྱམས་སུ་སོང་བ་དེ་དག་ལ་རང་ལུགས་ཐོུང་མ་ཡིན་པར་བརྗོད་ནས་ལག་ལེན་དུ་བཀོལ་བ་ནི་གསོ་བ་རིག་པའི་བསྟན་པ་ཉམས་དམས་སུ་འགྲོ་བའི་རྒྱུ་ཙམ་ལས་གཞན་དགོས་པ་ཏིལ་འབྲུ་ཙམ་ཡང་མི་འདུག་སྙམ།

        གཉིས་ནས་ད་ཆ་འཛམ་གླིང་འགྱུར་འགྲོས་དང་བསྟུན་ན། དུས་རབས་ཉེར་གཅིག་པའི་མི་རྣམས་ནི་བླ་མའི་གསུངས་རབ་དང༌། རྒྱུད་ཀྱི་དགོངས་པ། རང་ལུགས་གཞན་ལུགས་སོགས་སུ་མཐོང་འཇོག་མི་བྱེད་པར། མཚན་རིག་རྗེས་མཐུན་གྱིས་དངོས་པོའི་གཤིས་ལུགས་ཚུལ་བཞིན་བརྗོད་པར་ཡིད་ཆེད་བྱེད་མཁན་ཤ་སྟག་ཡིན་པས་བོད་ཀྱི་གསོ་བ་རིག་པའི་རིང་ལུགས་འཛིན་པ་རྣམས་ནས་དུས་དང་བསྟུན་མཁས་པ་ཞིག་དགོས་པ་ནི་ཤིན་ཏུ་ནས་གལ་གནད་ཆེ་བ་ཡིན་སེམས་སོ།།

[སྨན་རམས་པའི་དཔྱད་རྩོམ་སྒྲོམ་གཞི་(synopsis)ལས་ཟུར་འདོན་བྱས།]

No comments:

Post a Comment