Search This Blog

Thursday, May 5, 2011

16 སྐྱེ་དངོས་སྨན་རྫས་ཁག་ཅིག་གི་ངོ་སྤྲོད།

 འཕགས་ཡུལ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་"ནོར་ལྡེ་"ཟླ་རེའི་སྐྱེས་ཕྲིནའདོན་ཐེངས་པོའི་ ༡ནས་༡༢ ལས་བཏུས།

༄༅།། སྐྱེ་དངོས་སྨན་རྫས་ཁག་ཅིག་གི་ངོ་སྤྲོད།

༡། ཀ་པེད་འབྲས་བུ།  
(༩། ཕྱི་ལོ་༡༩༩༨།༣།༡ ཤོག་གྲངས་   སྐྱེ་དངོས་དང་སྲོག་ཆགས།)

ཀ་པེད་ཅེས་པ་ནི་ས་བོན་བཏབ་ནས་ལོ་གཅིག་སྐྱེས་པའི་སྔོ་རིགས་ཤིག་ཡིན་ལ། རང་རེའི་བོད་ཁམས་ཀྱི་རྫ་ཡུལ་དངསྤོ་བོ་སོགས་ས་ཆ་ཧ་ཅང་དམའ་བའི་ཚ་བ་ཅུང་ཆེ་བའི་ས་ཁུལ་ཁག་ཏུ་འདེབས་འཛུགས་བྱེད་ཀྱི་ཡོད། ཤིང་འདིའི་སྡོང་པོའི་མཐོ་ཚད་ལ་ས་ངོས་ལས་མི་ཊར་ ནས་ ཙམ་ལས་མཐོ་བོ་མི་སྐྱེ་ཞིང༌། རང་རྐྱ་འཕེར་བའི་སྐྱེ་དངོས་ཤིག་མ་ཡིན་སྟབས་ཤིང་ཕྲན་གཞན་ལ་འཁྲི་ནས་སྐྱེ་དགོས་པ་ཞིག་ཡིན། ད་དུང་སྐབས་རེར་ས་ངོས་ཐད་དུ་ཕར་ཚུར་རིང་བོར་བརྐྱངས་ནས་སྐྱེ་བ་དང༌། སྡོང་པོ་དང་ཡལ་གའི་ངོས་སུ་འབྱར་བག་ཅན་གྱི་སྤུ་ཆུང་རྩུབ་མོ་ཞིག་གིས་ཁྱབ་པ། ཡལ་ཕྲན་རེ་གཉིས་དུང་འཁྱིལ་དབྱིབས་ལྟར་རང་གི་ཡལ་ག་ལ་འཁྱུད་པའམ། གཅུས་སྒྲིམ་བརྒྱབ་ནས་སྐྱེ་བ་དང༌། ལོ་མའི་མདོག་ནི་ལྗང་སེར་ཡིན་ལ་དབྱིབས་མེ་ཏོག་ཉི་མ་ལོག་དང་གསེར་མའི་ལོ་མ་ལས་ཅུང་ཆེ་བ་མ་གཏོགས་གཅིག་མཚུངས་སུ་ཡོད། མེ་ཏོག་དཀར་པོ་ཁོག་སྦུབ་ཅན་འདབ་མ་ལྔ་རེ་ཡོད་པ་དེ་དག་རེ་རེ་བཞིན་ཡལ་རྗེས་སུ་འབྲས་བུ་མདོག་ལྗང་སྐྱ་སྙི་ལ་འབོལ་བ། རིམ་གྱིས་སྨིན་ནས་མདོག་སེར་སྐྱར་འགྱུར་བ་དང༌། ངོ་བོ་སྲ་ཞིང་ཤིང་གི་རང་བཞིན་དང་ཆ་མཐུན་པར་འགྱུར། ཆེ་བ་ར་ལུག་གི་གྲོད་པ་ཙམ་དང༌། ཆུང་བ་ཁུ་ཚུར་ཙམ་ཡོད་ལ། དབྱིབས་འབྱོང་འབྱོང་སྐེ་ཉག་ཅན་ལྒང་ཕུག་གམ་བུམ་དབྱིབས་སོགས་དང་འདྲ། དེ་ལྟར་ཡིན་པ་འཁྲུངས་དཔེ་ལས། ཀ་པེད་ཅེས་བྱའི་འབྲས་མཆོག་ནི།། ལོ་མ་ལེབ་ལ་ཆེ་བ་ཡིན།།  སྡོང་པོ་རིང་ལ་ཡལ་ག་མང༌།། མེ་ཏོག་དཀར་ལ་རབ་ཏུ་མཛེས།། འབྲས་བུ་བྱིས་པའི་ཐོད་ཕོར་འདྲ།། ཞེས་པ་ལྟར་དང༌། སྔ་མོའི་མི་རྣམས་ཀྱིས་ཆང་དང་ཆུ་སོགས་ཀྱི་བླུགས་སྣོད་ཀྱང་བྱེད། དེ་ལྟར་ཡིན་པ་དམངས་ཁྲོད་དུ་ " ཁྱེད་ནི་ཀ་པེད་འབྲས་བུ།། ང་ནི་རྒྱ་ཆང་སིལ་མ།། ཀ་པེད་རྒྱ་ཆང་གཉིས་ཀ། མཉམ་དུ་འཛོམ་རྒྱུ་བྱུང་ན།། " ཞེས་མཛའ་གཞས་ཀྱང་གཏོང་སྲོལ་ཡོད་དོ།།

༢། སྐྱེར་བ།    
(༦། ཕྱི་ལོ་༡༩༩༧།༡༢།༡ ཤོག་གྲངས་༩ སྐྱེ་དངོས་དང་སྲོག་ཆགས།)

སྐྱེར་བ་ནི་ཚེར་མ་ལྡན་པའི་ཤིང་སྡོང་གི་གྲས་སུ་གཏོགས། དེ་ནི་ཀླུང་ཤོད་དང༌། ནགས་གསེབ། བྱེ་ཁྲེབ། ཆུ་འགྲམ་སོགས་ལ་རིགས་དཀར་ནག་གཉིས་སུ་སྐྱེས་པ་ཞིག་ཡིན། ཕྱི་ཤུན་དཀར་སྐྱ་སྦྲུལ་དཀར་གྱི་ལྤགས་པ་ལྟ་བུ་དང༌། བར་ཤུན་དང་མེ་ཏོག་སེར་པོ་ཡིན་ལ་འབྲས་བུའི་ཆེ་ཆུང་ནས་འབྲུ་ཙམ་དང་ཁ་དོག་ཤིན་ཏུ་དམར། ལོ་མའི་འོག་ནས་ཚེར་མ་ཁ་དབྲག་གསུམ་རེ་བྱ་སྡེར་གྱི་དབྱིབས་ཅན་སྐྱེས་པ་དང༌། ཤིང་དེ་ནི་སྲ་མཁྲེགས་ཀྱི་ཡོན་ཏན་དང་ཁྱད་ཆོས་ལྡན་པས་ཞིང་འབྲོག་མི་དམངས་ཚོས་ཕྱུགས་ཟོག་རྒོད་འདུལ་སྣ་ཚོགས་སྣ་ཕུག་ཏུ་བེད་སྤྱོད་བྱེད་པ་དང༌། སྦྲ་གུར་དང་སྒོ་ཕྱུགས་འདོགས་སྤྱད་ཀྱི་ཕུར་བ། ས་རྡོ་སློག་སྤྱད་ཀྱི་ཡོ་ཆས་སྣ་ཚོགས། གཞན་ཡང་གཏོར་མའི་རྩེང་ཐུར་སོགས་བཟོ་ལ། སྐྱེར་བའི་ཁཎཌསྐྱེར་བ་ཆུ་ནང་བསྐོལ་ཏེ་ཁུ་བ་གདུས་པའི་དྭངས་མ་གར་བ།མིག་ནད་ཀུན་དང༌། ལྷག་པར་དུ་མིག་ནད་དམར་ཚག་དང་ལིང་ཏོག་སེལ་བའི་ནུས་སྟོབས་དང་ལྡན་པར་མ་ཟད། སྐྱེར་བའི་ནུས་པས་དུག་ནད་དང་རིམས་རྙིང་མིག་ནད་ཐམས་ཅད་ཀྱང་སེལ་བར་བྱེད་དོ།།

༣། གངས་ལྷ་མེ་ཏོག  
(༡། ཕྱི་ལོ་༡༩༩༧།༧།༡ ཤོག་གྲངས་   སྐྱེ་དངོས་དང་སྲོག་ཆགས།)

གངས་ལྷ་མེ་ཏོག་ནི་རྒྱ་མཚོའི་ངོས་ནས་ཕི་ཁྲུ་བཞི་སྟོང་ངམ་སུམ་སྟོང་ཡོད་པའི་གངས་རིའི་ཁྲོད་དང༌། རྫ་མགོའི་གཡའ་གསེབ་ཏུ་སྐྱེས་ཤིང༌། མེ་ཏོག་ཆེ་ཆུང་མི་འདྲ་བ་མཐོ་ཚད་ཕལ་ཆེར་མཐོ་གང་ཡོད་པ་ཞིག་དང༌། དེའི་སྐྱེས་དབྱིབས་བྱ་རྒོད་ཀྱི་སུག་པ་དང་འདྲ་བས་ན་བྱ་རྒོད་སུག་པ་ཞེས་ཀྱང་ཟེར། མིང་གཞན་ལ་རྒྱལ་པོའི་ལ་ཐོད་ཅན་དང༌། ད་བྱིད་དཀར་པོ། བྱང་གཡག་བདེ་འབྱིན་སོཊ་ཀྱང་ཟེར། གངས་ལྷ་མེ་ཏོག་གི་རོ་ཁ་བ་ཡིན་ཞིང་ཞུ་རྗེས་བསིལ་ལ། ནུས་པས་མགོ་རྨ་གསོ། ལྷོད་རྒོད་འདུལ། ཚ་བའི་གཟེར་གཅོད། གཟའ་ནད་སེལ། ལུས་ཟུངས་གསོ་བ་སོཊ་ཀྱི་ཕན་ཡོན་ལྡན། དམངས་ཁྲོད་དུ་སྔོ་སྨན་འདི་རྩ་ཆེར་བརྩིས་ཏེ། རྟ་ཕྱུཊ་གློ་ཆམ་བྱུང་རིཊ་ལ་གངས་ལྷ་མེ་ཏོག་བྱིན་ན་སེལ་ཐུབ་པ་དང༌། སྨན་འདི་ཆང་དང་ཇ་སོགས་ལ་སྦངས་ཏེ་འཐུང་ན་འབྱུང་ཁམས་བདེ་ཞིང་ལུས་སྟོབས་གསོ་བའི་ནུས་པ་ཁྱད་པར་ཅན་ཞིག་མཆིས། ལྷག་པར་དུ་འདོད་པ་སྤྱོད་མི་ནུས་པའི་སྐྱེས་བུ་ལ་སྨན་འདི་རྒྱུན་བསྟེན་བྱས་ཚེ་རོ་ཙའི་གྲོཊ་མཆོག་རང་ཡིན་ཞེས་ནམ་རྒྱུན་འཚོ་བའི་ནང་བེད་སྤྱོད་བྱེད་པ་ཡིན་ནོ།།

༤། གུར་ཀུམ། 
(༣། ཕྱི་ལོ་༡༩༩༧།༩།༡ ཤོག་གྲངས་   སྐྱེ་དངོས་དང་སྲོག་ཆགས།

གུར་ཀུམ་ཞེས་པ་ལེགས་སྦྱར་གྱི་ཀུང་ཀུ་མ་ཞེས་པ་ལས་ཟུར་ཆག་ཅིང༌། འབྲི་སྲོལ་ལའང་གུར་ཀུམ་དང་གུར་གུམ་གཉིས་ཀ་སྣང༌། དེ་ཚུལ་ཇི་ལྟར་བྱུང་བའི་ལོ་རྒྱུས་ནི། སྔོན་རྫོགས་ལྡན་ཚེ་ལོ་བརྒྱད་ཁྲིའི་དུས་རྒྱལ་པོ་ལག་བརྐྱང་གིས་སངས་རྒྱས་འཁོར་བ་འཇིག་སྤྱན་དྲངས་པ་ན། ལྷ་རྣམས་ཀྱིས་གུར་ཀུམ་གྱི་ཆབ་ཕབ་པས་སྐུ་ལ་མཚན་དཔེ་ཆེས་གསལ་པོར་གྱུར་པ་དང༌། དེ་རྗེས་རྒྱལ་པོ་ལྷས་བསྟན་གྱི་རིང་ལ་སངས་རྒྱས་གསེར་ཐུབ་སྐུ་འཁྲུངས་སྐབས། ལྷ་དང་ལྷ་མོས་གུར་ཀུམ་གྱི་ཆུས་སྐུ་ཁྲུས་གསོལ་བ་དང་སྐྱེམས་སུ་ཕུལ་བར། སངས་རྒྱས་ཀྱིས་གུར་ཀུམ་ལ་བསྔགས་པའི་ཚིགས་བཅད་ཉི་ཤུ་རྩ་ལྔ་དང་བཅས་གསོ་དཔྱད་ཀྱི་རྩ་བར་བཞག་སྟེ་ལྷ་ཚངས་པར་གནང༌། དེའི་མཐུ་ལས་ཚངས་པས་སྨན་སྦྱོར་སྟོང་རྩ་གཉིས་ཉམས་སུ་བཞེས་པ་གསུངས་ཏེ། ཙ་ར་ཀ་ལས། ཚངས་པས་སྨན་སྦྱོར་སྟོང་དང་རྩ་གཉིས་ཀྱང༌། །རྩ་བ་གུར་ཀུམ་སེ་འབྲུ་གཉིས་ལ་ཐུག། ཅེས་འབྱུང་ངོ།།།

ཕྱིས་སུ་རྒྱལ་པོ་ཀྲི་ཀྲིའི་རིང་ལ་སངས་རྒྱས་འོད་སྲུང་ཞིང་འདིར་བྱོན་སྐབས་ཀྱང་ལྷ་རྣམས་ཀྱིས་གུར་ཀུམ་གྱི་ཁྲུས་དང་སྐྱེམས་ཕུལ་བར་སངས་རྒྱས་ཀྱིས་གུར་ཀུམ་ལ་བསྟོད་དབྱངས་བརྗོད་པས། དགྲ་བཅོམ་པ་པདྨོའི་དཔལ་ཞེས་པ་རྫུ་འཕྲུལ་གྱིས་ལྷའི་སྐྱེད་མོས་ཚལ་དུ་ཕེབས་ནས་གུར་ཀུམ་གྱི་ས་བོན་འགའ་བླངས་ཏེ་དྲག་ཤུལ་ཅན་གྱི་རི་ལ་བཏབ།དེ་རྗེས་སྨན་གྱི་ལྷ་མོ་ཡིད་འཕྲོག་མས་བསྐུལ་ཏེ་ལྷའི་སྨན་པ་ཐང་གྲོ་དང་དཔལ་གྲོ་ཟུང་གིས་རི་བོ་བྱ་རྐང་ལ་བཏབ། དེ་ནས་དགྲ་བཅོམ་པ་ཉི་མ་གུང་བྱ་བས་རི་བོ་བྱ་རྐང་ནས་ས་བོན་བླངས་ཏེ་ཁ་ཆེ་ཡུལ་དུ་བཏབ། དེ་བཞིན་པཎ་ཆེན་ན་རོ་བས་པུཥ྄པེ་ཧ་རིར་བཏབ་པ་ལས་མ་ལ་ཡ་སོགས་རྒྱ་གར་གྱི་ཡུལ་གྲུ་ཕལ་ཆེར་སྐྱེས། དེའི་རྒྱུན་བལ་ཡུལ་དུ་དེ་ལས་དམན་ཙམ་སྐྱེ་བ་དང༌། མཐར་གུར་ཀུམ་གྱི་ནུས་པ་དང་ཕྱོགས་མཐུན་པ་ཙམ་བོད་ཡུལ་དུའང་ཁྱབ་སྟེ་ད་ལྟ་ང་ཚོའི་མཐོང་བཞིན་པའི་བོད་གུར་ཀུམ་མམ་པྲི་ཡང་ཀུ་ཞེས་པ་དེ་ཡིན། དེས་ན་གུར་ཀུམ་མཆོག་ནི་བྱ་རྐང་མ་དང་ཁ་ཆེའི་གུར་ཀུམ། པུཥ྄པེ་ཧ་རི་དང་མ་ལ་ཡར་སྐྱེས་པ་རྣམས་ཡིན། འབྲིང་རྒྱ་གར་གྱིཡུལ་ཕལ་མོ་ཆེར་སྐྱེས་པའི་ལེ་བརྒན་མ་དང་བལ་ཡུལ་གུར་ཀུམ། ཐ་མ་ནི་བོད་ཀྱི་ཡུལ་གྲུ་ཁག་ཏུ་སྐྱེས་པའི་གུར་ཀུམ་རྣམས་ཡིན་པར་བཤད།

དེ་ལྟར་གུར་ཀུམ་ལ་བྱ་རྐང་མ་དང༌། ཁ་ཆེའི་གུར་ཀུམ། ལས་བརྒན་མ། བལ་བོའི་གུར་ཀུམ། བོད་གུར་ཀུམ་བཅས་ལྔ་ཡོད་ཅིང༌། བྱ་རྐང་མ་ནི་དྲི་རོ་བཟང་ཞིང་ཤར་བའི་མེ་ཏོག་ལ་སྔོན་པོ་ཅུང་ཟད་འདྲེས། རྩ་བ་དོ་བའི་སྡོང་པོ་དང་འདྲ། ཁ་ཆེའི་གུར་ཀུམ་ནི་མདོག་ཤིན་ཏུ་སེར་བ་དང་རིང་ཐུང་ཁྲུ་གང་རེ་ཙམ་སྐྱེ། ལེ་བརྒན་མ་ནི་ཁ་དོག་དམར་སེར་ཡིན་ཞིང་ཁུ་བ་སེར་པོ་འབབ། བལ་བོའི་གུར་ཀུམ་ནི་ཁ་དོག་ནག་ལ་ཁུ་བ་མི་འབྱུང༌། ལོ་མ་ཅུང་ཆེ་ཞིང་གཞུང་རྐང་མི་ཚད་ཙམ་སྐྱེ་སྐད། བོད་གུར་ཀུམ་མམ་པྲི་ཡང་ཀུ་ནི་རང་རེའི་ངག་རྒྱུན་དུ། པྲི་ཡང་ཀུ་ནི་དྲེའུ་ཆུང་རྔོག་མ་འདྲ།། ཞེས་སྐྱེ་སྟངས་ཀྱི་ཆ་ནས་མེ་ཏོག་གི་འདབ་མ་རྣམས་གྱེན་དུ་གཟེངས་པས་དེ་ལྟར་གྲགས། དྲི་ཞིམ་ཞིང་མདོག་ཕལ་ཆེ་བ་དམར་སེར་ཅན་དུ་སྣང༌། འོན་ཀྱང་སྨུག་པོ་དང་སྐྱ་བོའང་ཡོད།

གུར་ཀུམ་གང་ཞིག་སྨུག་ནག་དང་དམར་རྐྱང་མ་ཡིན་པར་སྣུམ་ཞིང་ལི་ཁྲིའི་མདོག་ཅན། ཡོན་ཏན་ལྕི་ལ་རོ་མངར་བ། དྲི་ངད་ཅིང་ཁུ་བ་དམར་སེར་གར་ན་བཟང་བ་དང༌། དེ་ལས་ལྡོག་ན་ཞན་པར་བཤད། གུར་ཀུམ་དེ་དག་རྩ་བའི་ཆ་ནས་རོ་མངར་ལ་ཞུ་རྗེས་བསིལ། ནུས་པས་མཆིན་ནད་ཀྱི་རིགས་ལ་ཕན་ཞིང་རྩ་ཁ་སྡོམ་པར་གསུངས་ཏེ། ཤེལ་ཕྲེང་ལས། གུར་ཀུམ་མཆིན་ནད་ཀུན་སེལ་རྩ་ཁ་སྡོམ།། ཞེས་འབྱུང་བས་སོ།།

༥། གྲེས་མ།    
(༦། ཕྱི་ལོ་༡༩༩༧།༡༢།༡ ཤོག་གྲངས་༩ སྐྱེ་དངོས་དང་སྲོག་ཆགས།)

གྲེས་མ་ནི་རང་རེའི་ས་ཁུལ་ཡོངས་སུ་ཕལ་ཆེར་ཁྱབ་མཉམ་དུ་སྐྱེས་པའི་སྔོ་ལྡུམ་གྱི་རིགས་ཤིག་ཡིན། འདི་ལ་ཕོ་གྲེས་དང༌། མོ་གྲེས། མ་ནིང་གྲེས་མ་ཞེས་དབྱེ་བ་གསུམ་ཙམ་ཡོད་པ་དང༌། ཁྱད་པར་ནི་སྐྱེ་དུས་དང་སྐྱེ་ཡུལ་གྱི་སའི་མཐོ་དམན་ཙམ་ལས་རྩ་བའི་རིགས་གཅིག་ལ་གཏོགས། ཕོ་གྲེས་ནི་དམའ་སའི་སྐམ་སར་སྐྱེས་ཤིང༌། རྩ་བ་དཀར་ལ། རྩ་ལོ་འབྲེལ་མཚམས་ཕྱི་ཤུན་ཁམ་སེར་ཕྱི་ནང་རིམ་པར་གཏུམས་ཡོད། ལོ་མ་ལྗང་སྐྱ་ཡིན་ཞིང་མདུན་ངོས་ལ་ཁྱད་པར་མེད། དབྱིབས་ཕྲ་ལ་རིང་བའི་རལ་གྲི་ལྟར་གྱེན་དུ་འགྲེངས་ཡོད་པ་མ་ཟད། དཔྱིད་དུས་མེ་ཏོག་སྔོ་སྐྱ་དང་སྔོ་དམར་སོགས་ཅི་རིགས་བཞད་པ་དང༌། སྟོན་ཁར་འབྲས་བུ་སྒོང་དབྱིབས་ལྟར་ནང་དུ་ས་བོན་སྦྲུམ་པ་ཞིག་ཀྱང་ཡོད། དེ་ལྟར་སྨན་གཞུང་ལས། ཕོ་གྲེས་ལ་འཁྲེགས་སྐམ་སར་སྐྱེ།། ཡང་ན་ཞིང་ངན་མུ་ལས་སྐྱེ།། ལོ་མ་རྩུབ་ཅིང་མེ་ཏོག་སྨུག། ཞེས་པ་ལྟར་དང༌། མོ་གྲེས་ནི་ཕལ་ཆེ་བ་འབྲོག་ཁུལ་གྱི་སྤང་ལས་སྐྱེ་བ་དང༌། ལོ་མ་དང་རྩ་བ་སོགས་ཕོ་གྲེས་དང་འདྲ་ནའང༌། དབྱར་ཁ་མེ་ཏོག་གི་འདབ་མའི་ནང་ངོས་སུ་རྩ་རིས་སྔོན་པོ་འཆར་ལ། ཟླ་བ་དགུ་པ་དང་བཅུ་པའི་བར་མཚམས་སུ་རྩ་བའི་གསེབ་ནས་འབྲས་སྒོང་གཟུགས་ཉི་མས་གདུང་སར་མདོག་དམར་ནག་ཏུ་ཡོད་པ་འཆར་བ་དང༌། ནང་དུ་སོན་སྲན་མ་ཙམ་བརྩེགས་མར་གནས། འདི་ལ་སྔོ་སྦྱོར་བདུད་རྩི་ལས། མོ་གྲེས་བརླན་ཅན་སྤང་ལྗོངས་སྐྱེ།། ལོ་མ་འཇམ་ལ་མེ་ཏོག་སྔོ། ཞེས་དང༌། མ་ནིང་གྲེས་མ་ནི་སའི་ཁ་སྟོད་ཀྱི་སྤང་ལྗོངས་དང་ནགས་གསེབ་སོགས་གང་དུའང་སྐྱེ་ལ། དབྱིབས་སྐྱེ་ལུགས་སོགས་གཞན་གཉིས་དང་འདྲ་ན་ཡང༌། ལོ་མ་ཉུང་ལ་སྐྱེ་གཟུགས་ཤིན་ཏུ་ཐུང༌། དེ་ལྟར་བདུད་རྩིའི་རྫིང་བུ་ལས།མ་ནིང་མ་ངེས་གར་ཡང་སྐྱེ།། ཕོ་མོ་གཉིས་ལས་འབྲས་ལན་ཞིང༌།། མདོག་སྐྱ་མེ་ཏོག་རྒྱ་ནག་ཅན།། རྩ་བ་རི་སྒོག་སྐྱེ་གུ་འདྲ།། ཞེས་གྲེས་མའི་སྐྱེ་ལུགས་སོགས་ཕྲ་ཞིབ་བརྗོད་ཡོད་པ་ལྟར། དབྱར་ཁ་དང་སྟོན་ཁར་སྤང་དང་ན་གཞུང་སོགས་སུ་གྲེ་མས་ཡོངས་སུ་ཁེབས་ཤིང༌། རྫི་བོ་རྣམས་ཀྱིས་གྲེས་མ་བཏོགས་ནས་སྒྲ་འདྲ་མིན་གཏོང་བ་དང༌། སྒམ་དང་སྒྲོག་ཅེས་བྱིས་པའི་རྩེད་ཆའི་སྣ་ཚོགས་བཟོ་ཞོར་གྲེས་མའི་དཀྱིལ་དུ་མཁའ་དབུགས་གསར་བའི་བདེ་སྐྱིད་ལ་ལོངས་སུ་སྤྱོད་བཞིན་ཡོད་དོ།།

༦། གྲོ་མ།     
(༥། ཕྱི་ལོ་༡༩༩༧།༡༡།༡ ཤོག་གྲངས་ སྐྱེ་དངོས་དང་སྲོག་ཆགས།)

གྲོ་མ་ནི་ང་ཚོའི་མགྲོན་པོ་གལ་ཆེན་དང་སྟོན་མོ་སོགས་ཀྱི་སྐབས་སུ་འབྲས་ཆན་དང་མཉམ་དུ་བསྲེས་ནས་གྲོ་འབྲས་བཟོ་བ་དང༌། གྲོ་མ་གཅིག་པུའི་སྟེང་ལ་ཀ་ར་དང་མར་ཁུ་བླུཌ་ནས་ཟ་སྲོལ་ཡོད་པའི་ཁ་ཟས་མངར་མོ་ཞིག་ཡིན། གྲོ་མ་ནི་ལུང་མདོ་དང་ཆུ་བཞུར་ཤུལ་སོཌ་ནས་སྐྱེས་པ་དང༌། གྲོ་ལོའི་སྟེང་ངོས་སྔོ་སྐྱ་ཡིན་ཞིང་འོག་ཏུ་དཀར་ཤེད་ཆེ། གྲོ་ལོས་ཕན་ཚུན་བར་དྲ་བ་བརྐྱངས་ནས་སའི་སྟེང་ཁྱབ་པར་བྱས་ཡོད། གྲོ་སྡོང་ནི་ས་འོག་ཏུ་ཡོད་ལ་མདོག་དམར་སྨུག་དང༌། དབྱིབས་ལ་ནར་མོ་དང་རིལ་བོ་སོགས་སྣ་ཚོགས་ཡོད། སྟོན་གྲོ་བཟང་ལ་དཔྱིད་གྲོ་གྲང༌།། ཞེས་དུས་ཀྱི་སྒོ་ནས་དབྱེ་བ་གཉིས་ཀྱང་བཀོད་ཡོད་པ་མ་ཟད་དམངས་ཁྲོད་དུ་གྲོ་མའི་མིང་ལ་ས་འོག་རྒུན་འབྲུམ་ཡང་ཟེར་རོ།།

༧། ལྕང་མ།   
(༡༡། ཕྱི་ལོ་༡༩༩༨།༥།༡ ཤོག་གྲངས་ སྐྱེ་དངོས་དང་སྲོག་ཆགས།)

ལྕང་མ་ལ་རིགས་ཤིན་ཏུ་མང་ནའང་དྲིལ་ཏེ་བཤད་ན་རིགས་གསུམ་དུ་དབྱེ་ཆོག་པ་སྟེ་རི་ལྕང་འབྱར་བ་དང་ རྒྱ་ལྕང་ཕྲ་མོ། ཀླུང་ལྕང་སྐྱེད་མའོ། དེ་ཡང་རི་ལྕང་འབྱར་བ་ནི་བོད་ཀྱི་ཡུལ་གྲུ་མང་པོའི་ཆུ་ཀླུང་དང་གྲོག་རོང་སོགས་གང་དུ་ཡང་སྐྱེ་བའི་ཤིང་སྡོང་གི་རིགས་ཤིག་ཡིན་ལ། སྡོང་པོའི་མཐོ་ཚད་ལ་མི་ཊར་ ནས་ ༡༥ ཙམ་ཡོད་པ་དང་ ཤུན་པ་ནག་ཅིང་མཐུག་ལ་ཡལ་ག་མང་བ། ཡལ་ཕྲན་གསར་བ་མདོག་ལྗང་སེར་ཅན། དེའི་རྩེ་མོར་ལོ་མདོག་ལྗང་ཁུ་དབྱིབས་འཇོང་འཇོང་རྩེ་མོ་རྣོ་བ། ལོ་རྐང་རྣམས་མདོག་ལྗང་སེར་ཅན་ཡིན་པ་དང་རེས་མོས་བཞིན་སྐྱེ།

ཤིང་འདི་སྨན་དུའང་སྦྱར་ཆོག་ལ་ནུས་པས་རྩ་སྐྱོན་ཅན་དང་སྐྲངས་ནད་སོགས་ལ་ཕན་པར་གསུངས་ཏེ། འཁྲུངས་དཔེར། ནུས་པས་རྩ་སྐྱོན་སྐྲངས་རྣམས་འཇོམས།། འདི་ཡི་བར་ཤུན་ཁྲག་གཅོད་སྨན།། ཞོ་དང་སྦྱར་བྱུགས་རྩ་སྐྲངས་འཇོམས།། མཁྲིས་རྩ་སྐྲངས་ན་ཞོ་དང་སྦྱར།། རླུང་རྩ་སྐྲངས་ན་བུ་རམ་སྦྱར།། རྩ་སྐྱོན་སྐྲངས་ལ་བདུད་རྩི་འདྲ། ཞེས་པ་ལྟར་རོ།།

གཉིས་པ་རྒྱ་ལྕང་ཕྲ་མོ་ནི་ཆེད་བཙུགས་ཤིང་རིགས་སུ་གཏོགས་ཤིང༌། བོད་ཁམས་ཡོངས་ཀྱི་གྲོང་དང་གྲོང་བརྡལ་མང་པོའི་ཉེ་འཁོར་དག་ན་མཐོང་རྒྱུ་ཧ་ཅང་མང༌།ལྕང་མ་འདིའི་རིགས་དྲང་ལ་སྦོམ་པ་དང༌། པགས་པ་ཁམ་ལྗང་ཅན་ལོ་མང་སོང་ན་རིམ་བཞིན་སྐྱ་མཐུག་མཁྲེགས་པར་འགྱུར་བ། ལོ་རེ་བཞིན་སོས་དུས་འབུས་སྔ་ཞིང་ཡལ་ཕྲན་གསར་བ་རྣམས་ཅུང་སྨུག་པའི་ཐོག་ལོ་མ་ནར་མོ་ཕྲ་ཞིང་རིང་ལ་རེག་བྱ་ཤིན་ཏུ་མཉེན། ཡལ་ཕྲན་གྱི་ངོས་སུ་ལོ་རྐང་ཅུང་ཐུང་བའི་རིགས་རེས་མོས་སུ་སྐྱེ་བ་དང་ སྨན་དུ་འང་སྦྱར་ཆོག་སྟེ། འཁྲུངས་དཔེར། རྒྱ་ལྕང་ལྕང་ཕྲན་ལེགས་པ་ཡིན།། རྩ་ཡི་རྣག་ཆུ་བུ་གར་འདྲེན།། ཞེས་འབྱུང་བས་སོ།།

གསུམ་པ་ཀླུང་ལྕང་སྐྱེད་མ་ནི་བཙུགས་ན་སྐྱེ་འཕེལ་མྱུར་ཞིང་བོད་ཡུལ་ཀུན་ཏུ་ཧ་ཅང་མོད་པའི་ཤིང་སྡོང་ཞིག་ཡིན། སྡོང་པོ་འདི་ཕྲ་ཞིང་རིང་ལ་སྐྱེ་སྟངས་ཀྱང་གོང་གཉིས་དང་མི་འདྲ་བར་འཁྱོག་པོར་སྐྱེ་བ་དང༌། ཤུན་པ་ལྗང་སེར་འཇམ་ལ་འོད་ཕྲན་བུ་ཡོད་པ། ལོ་མང་སོང་ན་ཤུན་པ་ཉ་ཁྲབ་འདྲ་བའི་གས་གྲུམ་ཅན་དུ་འགྱུར་བ།ཡལ་ཕྲན་རྣམས་ཀྱི་ཁ་དོག་ལྗང་དམར་ཡིན་ལ་ཤིན་ཏུ་མཉེན་ལྕུག་ལྡན་པ་མ་ཟད། གྱ་གྱུར་འཁྱིལ་ཞིང་ལོ་མ་ཐུར་དུ་འཕྱངས་པ། ལོ་མ་ནར་མོ་མདོག་ལྗང་ཁུ་ཅན་མང་པོ་རེས་མོས་སུ་འཕྱང་ནས་གྱེས་འགྲོ་བ། དེའི་ལོ་མ་དང་ཡལ་ཕྲན་རྣམས་བཅད་དེ་ཕྱུགས་ཟོག་གི་བཟན་དུ་བྱིན་ཡང་ཆོག གོང་གི་ལྕང་མའི་རིགས་འདི་དག་ནི་སྔ་མོ་ནས་མེ་ཏོག་སོགས་འཆར་སླ་བའི་ཤིང་རིགས་སུ་གཏོགས་ཏེ། དེ་ཡང་ཟླ་གསུམ་པ་ནས་བཞི་པའི་བར་སྙེ་དབྱིབས་ཀྱི་མེ་ཏོག་ཆུང་ངུ་འཆར་ཞིང་འབྲས་བུ་སྤུ་དཀར་ཅན་ཤིང་བལ་དང་འདྲ་བ་འདོགས། གཞན་སྐྱེ་ཡུལ་གྱི་ཁྱད་པར་ལས་སྐྱེ་ཚུལ་གཅིག་ཏུ་མི་ངེས་སོ།།

༨། ཆུ་མ་རྩི།  
(༦། ཕྱི་ལོ་༡༩༩༧།༡༢།༡ ཤོག་གྲངས་༩ སྐྱེ་དངོས་དང་སྲོག་ཆགས།)

ཆུ་མ་རྩིའམ་སྐྱུར་རུ་ལེབ་མོ་ནི་སྔོ་རིགས་ཤིག་སྟེ། འདི་ལ་ཆུ་མ་རྩི་རྒོད་པ། ཆུ་མ་རྩི་གཡུང་བ། མཁའ་འགྲཱུའི་ལ་ཕུག་བཅས་ལས། དང་པོ་ནི་རྒྱ་མཚོའི་ངོས་ལས་མི་ཊར་ ༤༢༠༠ ནས་ ༥༠༠༠ བར་གྱི་རི་མཐོའི་ཁ་སྟོད་དུ་སྐྱེས་པ་དང༌། རྩ་བ་གཅིག་ལས་མེད་ཀྱང་ལོ་མ་བཅུ་གྲངས་ཙམ་ཡོད་པ་ལ་མདོག་ལྗང་ནག་དང༌། དཀྱིལ་དུ་སྐྱུར་སྡོང་ཞེས་སྨྱུག་ཚིགས་ཅན་གྱི་སྡོང་ཕྲན་ཞིག་ཀྱང་ཡོད། རོ་སྐྱུར་ཞིང་སྐ་བ་དང༌། རང་རེའི་བྱིས་པ་རྣམས་ཀྱིས་དབྱར་ཁ་རི་མགོར་ཕྱུགས་འཚོ་ཞོར་ཆུ་མ་རྩི་བཏུས་ནས་ཁ་ཟས་བྱེད་བཞིན་ཡོད། ཆུ་མ་རྩི་གཡུང་བ་ནི། སྐྱེ་ཡུལ་དང་སྐྱེ་དུས་སོགས་གོང་དང་འདྲ་ནའང༌། དབྱིབས་ཅུང་ནར་མོ་ཡིན་ལ་ལོ་མའི་ཕྱི་ནང་དུ་སྤུ་རྩུབ་ཕྲན་བུ་ཞིག་ཀྱང་ཡོད།གཞན་མཁའ་འགྲོ་ལ་ཕུག་ནི་ས་མཐོ་དམན་གང་དུའང་སྐྱེ་བ་དང༌། ལོ་མའི་མདོག་ལྗང་ཞིང་འཇམ་ལ། དཀྱིལ་གྱི་གཞུང་རྟ་གཞན་གཉིས་ལས་ཅུང་མཐོ་ཞིང་ཡལ་ག་ཡོད་ལ།དེའི་རྩེར་མེ་ཏོག་གི་སྙེ་མ་སོགས་ཀྱང་ཡོད། འདི་ལ་མིང་གི་རྣམ་གྲངས་དུ་མ་ཞིག་ཡོད་པ་ལས་དཔེར་མཚོན་ཙམ་བཀོད་ན། རྩི་སྟག་མོ། སྐྱུར་རུ་མུ་རུ།  ཨ་སྐྱུར་བྱིས་སྐྱུར། ར་སྐྱུར་ལུག་སྐྱུར་བཅས་སོ།།

༩། པ་ཏོ་ལ།   
(༡༢། ཕྱི་ལོ་༡༩༩༨།༦།༡ ཤོག་གྲངས་ སྐྱེ་དངོས་དང་སྲོག་ཆགས།)

པ་ཏོ་ལ་ཞེས་པའི་སྐྱེ་དངོས་འདི་ནི་རྒྱ་ནག་གི་ས་ཁུལ་དང་པོད་ཀྱི་སྤོ་བོ་དང༌། མེ་ཏོག རྫ་ཡུལ། ཉིང་ཁྲི། སྨིན་གླིང་སོགས་མདོར་ན་རོང་ཆེན་རྣམས་ཀྱི་ཡུལ་དུ་ཡོད་ཅིང༌། མང་ཆེ་ཤོས་ནི་ནགས་འདབས་དང༌། རི་གཟར། གྲོག་རོང་སོགས་ཀྱི་རྩྭ་གསེབ་དང་ཡང་ན་བརླན་ཡོད་ས་དག་ཏུ་སྐྱེ་ལ། རྩ་བ་བཀོག་སྟེ་ལྡུམ་ར་སོགས་སུ་ལེགས་པར་བཙུགས་ནའང་སྐྱེ་ཐུབ་པར་བཤད། སྐྱེ་ཚུལ་ས་འོག་གི་སྡོང་སྐམ་སྐྱ་བོའི་མདོག་ལ་དབྱིབས་སྒོག་པ་དང་འདྲ་བ་ལས། ལོ་མ་ལྗང་ཞིང་རེག་བྱ་འཇམ་ལ་རིང་བས་རལ་གྲིའི་དབྱིབས་དང་མཚུངས། དེའི་མཐོ་ཚད་ལ་གཅིག་ཏུ་མ་ངེས་ལ། རེ་རེའི་རྩེ་མོར་ཕྱི་ཟླ་བཞི་པ་ནས་ལྔ་པའི་བར་མེ་ཏོག་སྔོ་དམར་ཕལ་ཆེ་བ་དྲིལ་བུའི་དབྱིབས་དང་འདྲའོ། དེ་ཡང་སྨན་དུ་སྦྱོར་བྱ་ནི་རྩ་བ་སྟེ། ཕྱི་ཟླ་དགུ་པ་དང་བཅུ་པར་བརྐོས་ནས་ཁ་སྤུ་སོགས་དོར་ཏེ་ས་དྲེག་གཙང་མར་བྱས་ལ་ཉི་མར་སྐམ་པ་ཡིན། ཉི་མས་སྐམ་ཚེ་ཁ་དོག་སྐྱ་ལ་མཁྲེགས་ཤིང་ལྕི་བ་དང༌། ཡལ་ག་གཉིས་སམ་ཡང་ན་ཁ་ཤས་ལ་གསུམ་ཙམ་ཡོད་པ་མྱང་ན་བྲོ་བ་མངར་ཁ་དང་ལྡན། འདི་ལ་འདྲ་ཡིག་དུང་གི་མིག་ལས། པ་ཏོ་ལ་ནི་སྒ་སྐྱ་འདྲ་ཞེས་དང༌། གཡུ་ཐོག་པའི་སྨན་ངོས་འཛིན་གྱི་བསྟན་བཅོས་ལས། པ་ཏོ་ལ་ཞེས་རྩ་བ་ནི།།གླང་པོ་ཆེ་ཡི་བོལ་རྐང་འདྲ།།ལོ་མ་ལེབ་མོ་རལ་གྲི་འདྲ།། སྐྱེ་ནི་རི་ཐང་མཚམས་སུ་སྐྱེ།། ཞེས་སོགས་འདི་ངོས་འཛིན་ཐད་ལ་རྒྱ་བོད་གསོ་རིག་མཁས་པ་རྣམས་གཅིག་མཐུན་དུ་ཁས་ལེན་བྱུང་མེད་མོད། གང་ལྟར་ཀྱང་འདིའི་རོ་དང་ནུས་པ་གཉིས་ནི། རོ་ཁ་ཞིང་ནུས་པས་སྲིན་ནད་སེལ་བ་སོགས་ལ་ཕན་པར་སྨན་གཞུང་དག་ལས་བཤད་དོ།།

༡༠། སྤང་རྒྱན་མེ་ཏོག
(༢། ཕྱི་ལོ་༡༩༩༧།༨།༡ ཤོག་གྲངས་ སྐྱེ་དངོས་དང་སྲོག་ཆགས།)

ལར་སྤང་ཞེས་པ་ཤིང་ནགས་དང་རྫ་བྲག་མེད་ཅིང༌། རྩྭ་སྔོན་ཐང་དུ་ཁྱབ་པར་སྐྱེས་པའི་ས་ཆ་སྤྱིའི་མིང་ཟེར། དེའི་སྟེང་དུ་ཤར་བའི་མེ་ཏོག་ཆུང་ཆུང་ཚོས་གཞི་སྣ་ཚོགས་ ཅན་ཞིག་ཡོད་པ་ང་ཚོའི་ངག་རྒྱུན་ལ་བྱང་བའི་སྤང་རྒྱན་མེ་ཏོག་ཅེས་པ་དེ་ཡིན། མིང་གཞན་ཀུན་ཏུ་གས་དང་ཁྱབ་འཇུག་གནོན། སྟོན་གྱི་མེ་ཏོག བ་ལང་ཟས།གཞན་ལས་རྒྱལ། རི་བོའི་རྣ་རྒྱན་བཅས་མང་དུ་མཆིས། སྤང་རྒྱན་མེ་ཏོག་ལ་དཀར་ནག་ཁྲ་གསུམ་དང་སྔོན་པོ་སོགས་ཡོད་པས་ཚོས་གཞི་མཐའ་ གཅིག་ཏུ་མ་ངེས། ལྷག་དོན་ སྤང་རྒྱན་དཀར་ནག་གཉིས་ནི་སྔོ་སྨན་གྱི་རིགས་མེ་ཏོག་སྔོ་ནག་དང་སྔོ་དཀར་འཆར་བ་ཞིག་སྟེ། སྤང་རྒྱན་དཀར་པོའི་རོ་མངར་ལ་ཁ། ཞུ་རྗེས་བསིལ། ནུས་པས་གྲེ་བའི་དུག་ཚད་འཇོམས་ཤིང༌། སྐད་འགག་པ་ལ་མཆོག་ཏུ་ཕན་པར་བཤད། སྤང་རྒྱན་ནག་པོའི་རོ་ཁ་ལ་ཞུ་རྗེས་བསིལ། ནུས་པས་འབྲུམ་ནད་དང་གྲུམ་བུ། མེ་དབལ་སོགས་ལ་ཕན་པ་མ་ཟད། སྙིང་ཚད་ཚ་བས་ལུས་སྐྲངས་པ་ལའང་ཕན་ནོ།།

༡༡། སྤང་རྩི་དོ་བོ།    
(༨། ཕྱི་ལོ་༡༩༩༨།༢།༡ ཤོག་གྲངས་   སྐྱེ་དངོས་དང་སྲོག་ཆགས།)

སྤང་རྩི་དོ་བོ་ནི་རང་རེའི་བོད་ཁམས་ཡོངས་ཀྱི་མི་ཊར ༢༩༠༠ ནས ༤༢༠༠ བར་གྱི་སྤང་དང༌། ས་ཁྲེབ་ཞིང་འདབས་སོགས་ག་ས་གར་སྐྱེ་བའི་སྔོ་ལྡུམ་ཞིག་ཡིན་ཞིང༌། རྩ་བ་སྦོམ་ལ་གྲིམ་པ་ལས་ལོ་མ་དབྱིབས་ནར་མོ་ལ་ལའི་མཐར་ཉག་ག་ཡོད། སྐྱེ་སྟངས་ཀྱང་ས་ངོས་ཐད་དུ་སྐྱེ་བ་དང༌། དཀྱིལ་དུ་རེག་བྱ་རྩུབ་ལ་སྤུ་ཆུང་ལྡན་པའི་གཞུང་རྟ་མཁྲེགས་པོའི་རྩེར་ཁ་དོག་དཀར་ལ་དྲི་ཞིམ་བྲོ། དབྱིབས་རྡོག་མེ་ཏོག་དཀར་པོ་དྲིལ་དབྱིབས་གེ་སར་ནག་པོ་ཅན་གྱི་ཚོམ་བུ་བཞད་པ་དང༌།  དེ་ལྟར་འཁྲུངས་དཔེར། རྒས་པ་མི་རྒན་མགོ་བོ་འདྲ།། ཞེས་ངོས་འཛིན་བྱེད་ཚུལ་ཡོད། ཟླ་ པ་ནས་ པའི་ནང་དུ་མེ་ཏོག་བཏུས་ནས་སྨན་དུ་སྦྱོར་བ་དང༌། ཟླ་ པ་ནས་ ༡༠ བའི་བར་ལ་རྩ་བ་བརྐོས་ནས་སྐམ་གསེད་ལེགས་ཚགས་བྱས་ཏེ་སྨན་དུ་སྦྱོར་སྲོལ་ཡོད། འདི་ལ་སྤང་རྩི་དོ་བོ་ཟེར་དོན་ཡང་སའི་སྟེང་གི་སྔོ་ལ་སྤང་རྩི་དང༌། རྩ་བར་བེ་དོ་མཛད་པས་ན་དེ་ལྟར་བཏགས། མིང་གཞན་ཆིག་ཐུབ་དཀར་པོ། ཐེའུ་རིང་མགོ མི་རྒན་མགོ་བོ་སོགས་འབོད་ཚུལ་དུ་མ་ཡོད་པ་དང༌། ནུས་པའི་སྐོར་རྟོགས་བརྗོད་ལས། " རི་མཐོ་སྤང་ལྗོངས་འཛིན་པའི་དོ་བོ་ཡང༌། །མཆོང་སྐྲ་གཡུ་གོས་དུང་གི་རྐང་བ་ཅན། །རིམས་དུག་ཚ་བ་གསར་རྙིང་དྲེག་གྲུམ་དང༌། །ཁྲག་འཁྲུགས་རྒྱུ་གཟེར་འཇོམས་པའི་བདུད་རྩི་ཡིན།། " ཞེས་གསུངས་པས་སོ།།

༡༢། སྤེན་མ།  
(༥། ཕྱི་ལོ་༡༩༩༧།༡༡།༡ ཤོག་གྲངས་ སྐྱེ་དངོས་དང་སྲོག་ཆགས།)

སྤེན་མ་ནི་ནགས་གསེབ་དང་ཆུ་འགྲམ། རྡོ་ཟེགས་དང་གཡའ་ཁྲོད་དུ་སྐྱེས་བའི་ཤིང་ཕྲན་ཞིག་སྟེ། འདི་ལ་རིགས་གཉིས་ལས་སྤེན་དཀར་གྱི་ཤིང་ཕུང་ནི་ཅུང་མཐོ་ཞིང༌། སྤེན་ནག་གི་ཤིང་ཕུང་དེ་ལས་ཅུང་དམའ་ཙམ་ཡོད་པ་གཉིས་ཀའི་སྐྱེས་དབྱིབས་དང་ལོ་སྡོང་ཚང་མ་གཅིག་མཚུངས་ཡིན། སྡོང་པོའི་ཤུན་པ་སྐྱ་བོ་དང་དམར་སྐྱ་ལ་སྤུ་འདྲ་སྲབ་པོས་ཕྱི་ནང་རིམ་པར་གཡོགས་པ། ཡལ་ཕྲན་གསར་བའི་སྐབས་སུ་གཞུང་རྟ་ཁམ་སྨུག་ཡིན། ཡོངས་གྲགས་ལ་སྤེན་མ་ཟེར་ཞིང༌། ས་ཁུལ་འགའ་ན་སྤེན་ནེ་ཟེར་བའང་འདུག སྤེན་མ་ལ་རིགས་གཉིས་སུ་བཤད་པ་ནི་མེ་ཏོག་གི་དབང་གིས་ཕྱེ་བ་སྟེ། མེ་ཏོག་དཀར་པོ་འཆར་བ་ལ་སྤེན་དཀར་དང་སེར་པོ་འཆར་བ་ལ་སྤེན་ནག་ཟེར། སྤེན་མའི་ཤིང་ཕུང་སྐོར་བཤད་ཟིན་མ་ཐག་པ་ལྟར་ཧ་ཅང་ཆུང་བས་བེད་སྤྱོད་ཀྱང་ཆེར་མེད་སྙམ་པའི་དོགས་པ་སྐྱེ་སྲིད་ཀྱང༌། སྤེན་པ་ནི་མཐའ་གཅིག་ཏུ་ཤིང་ཕྲན་ཞིག་ཡིན་དགོས་པའི་ངེས་པ་ག་ལ་ཡོད། "སྤེན་མའི་ཅ་ནེ་"ཟེར་བ་ཞིག་ཁྱོད་ཀྱིས་མཐོང་མྱོང་མེད་ནའང་ཐོས་མྱོང་ཡོད་ཚོད། ལྷ་ཁང་གསེར་ཁང་གི་རྒྱན་ཆར་བསྡད་ཡོད་པ་ནི་མཐོང་ཡོད་ངེས། སྤྱིར་སྤེན་པ་ནི་ཤིང་རིགས་གཞན་ལས་མཉེན་ལྕུག་དང་ལྡན་ཞིང༌། རུལ་སྐྱོན་ཐེབས་དཀའ་བའི་རིགས་ཤིག་ཡིན་པས། ཤིང་ཁང་སོགས་ཀྱི་ཁང་ཀླད་འགེབས་པར་འདིང་བར་བྱེད་ལ། ང་ཚོས་མེས་པོའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། "གླིང་སྒྲུང༌།"སོགས་སུ་སྤེན་པའི་མདུང་ཡུ་བེད་སྤྱོད་བྱས་མྱོང་ཚུལ་ཡང་གསལ། ད་དུང་ང་ཚོའི་འཚོ་བའི་བཤད་རྒྱུན་དུ་སྤེན་མའི་ཤིང་ཁེམ་དང་སྣོད་སྤྱད་གཞན་རིགས་ཀྱང་ཡོད་པ་གོ་རྒྱུ་དང་མཐོང་རྒྱུ་ཡོད་པ་མ་ཡིན་ནམ། མཁན་པ་དང་ཤུག་པ་སོགས་དང་འདྲ་བར་བསང་རྫས་སུ་འགྲོ་ལ་དེ་བཞིན་བེད་སྤྱོད་ཀྱང་ཆེ། སྤེན་མ་ནི་ང་ཚོའི་འཚོ་བ་དང་འབྲེལ་ཆེ་བ་དཔེར་ན། "སྤེན་མ་དགྲ་མགོ་ཡིན་པས་གཅུས་ན་འབར།"  " རིལ་མ་ཐེའུ་རིང་ཡིན་པས་གཏོར་ན་འབར།"ཞེས་པའི་སྡོམ་ཚིག་ཞིག་ཀྱང་ཡོད། གོང་དུ་སྤེན་མའི་མདུང་ཡུ་ཡོད་ཚུལ་བཤད་པ་དེས་ཁྱོད་ལ་སྤེན་མའི་ཤིང་ཕྲན་དང་མདུང་ཡུའི་བར་གསེང་ནས་ཐེ་ཚོམ་ཞིག་སྐྱེས་ཡོད་པ་ཐག་གིས་ཆོད། སྤེན་མའི་མདུང་ཡུ་ནི་སྤེན་མའི་ཤིང་ཕྲན་ཞིབ་གཞོག་དང་རིང་ཐུང་སྡེབས་ནས་སྦྱར་བསྒྲིགས་བྱས་ཏེ་གྲུབ་པ་ཡིན་ལ།སྤེན་མའི་མདུང་ཡུ་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། མཁྲེགས་ཤིང་མཉེན་ལྕུག་ལྡན་པས་ཤིང་རིགས་གཞན་གྱི་མདུང་ཡུ་ལས་བེད་སྤྱོད་མང་ཞིང་ལུས་ཟོར་གྱི་འདེགས་འཇོག་ལྟར་བསྣུན་བརྡེག་བྱེད་པར་སྟབས་བདེ་བ་ཡིན་ནོ།།

༡༣། བྱ་རྒོད་སྤོས།     
(༡༡། ཕྱི་ལོ་༡༩༩༨།༥།༡ ཤོག་གྲངས་ སྐྱེ་དངོས་དང་སྲོག་ཆགས།)

བྱ་རྒོད་སྤོས་ནི་བོད་ཁམས་ཡོངས་ཀྱི་ཁ་མཐོའི་རྫ་རི་དང་ བྲག་གཟེར། རི་འདབས་སོགས་སུ་ལོ་མང་སྐྱེ་བའི་སྔོ་རིགས་ཤིག་ཡིན་ལ། ལོ་མའི་མདོག་ལྗང་ཁུ་ལ་དབྱིབས་སྒོར་མོ་ཉ་ག་ཅན། ལོ་མའི་རྒྱབ་ལོག་ལྗང་སེར་ཡིན་པ་དང་ལོ་རྐང་ཤིན་ཏུ་རིང་ ངར་བ་དམར་ལྗང་སྤུ་ཆུང་ཅན་དྲང་བོར་སྐྱེ་ཞིང༌། མཐོ་ཚད་ལ་མི་ཊར་ ༠་༠༨ནས་ ༠་༤༥ ཙམ་ཡོད། སྟོན་ཁར་ངར་བའི་རྩེར་མེ་ཏོག་བྱ་བབ་མ་སྔོ་སྐྱ་ཐལ་མདོག་འདབ་མ་ལྔ་རེ་དང་ འདབ་མའི་རྒྱབ་ངོས་སུ་སྤུ་འཇམ་ལ་རྩ་རིས་ནག་པོས་ཡོངས་སུ་ཁྱབ་པ། དྲི་མ་གླ་རྩིའི་དྲི་དང་གཅིག་མཚུངས་ཡོད། དེ་ལྟར་སྡེ་སྲིད་ཀྱི་བཻ་སྔོན་དུའང་ ལོ་མ་མཐུག་པོ་སྲུབ་ཀའི་ལོ་མ་འདྲ་ཞིང་ མེ་ཏོག་སྔོ་སྐྱ་སྲིན་བྱའི་མགོ་དབྱིབས་ཅན། གླ་རྩིའི་དྲི་མནམ་པ་དེ་ཉིད་ཀྱིས་འབྱུང་བའི་གདོན་དང་ དུག་ཆམས། རིམས་ཚད་སོགས་སེལ་བར་གསུངས་པ་བཞིན་སྔོ་ལྡུམ་འདི་སྨན་དུ་སྦྱར་ནའང་ཆོག སྤྱིར་བྱ་རྒོད་སྤོས་ལ་རྩྭ་ལྡུམ་གཞན་ལས་དམིགས་བསལ་ཁྱད་ཆོས་ཤིག་ཡོད་པ་ནི། དྲི་གླ་རྩི་རློན་པ་སྣོམ་པའི་ངད་ལྡང་བ་དེ་ཡིན་ཞིང་ སྟོན་མཇུག་རི་མཐོའི་རྫ་གསེབ་དང་གཡའ་གསེབ་གང་དུ་གླ་རྩའི་དྲི་ངད་ལྡང་ན། ཕྱོགས་དེར་སྔོ་ལྡུམ་འདི་མོད་པོ་ཡོད་པར་ཡང་བཤད། ད་དུང་བྱ་རྒོད་སྤོས་ལ་ནང་གསེས་ཀྱིས་རྒོད་སྤོས་ལུགས་གཅིག་ཅེས་པ་མཐོ་ཚད་རྒྱ་མཚོའི་ངོས་ནས་མི་ཊར་ ༤༥༠༠ ནས་༥༠༠༠ བར་གྱི་ས་མཐོའི་གཡའ་ཤག་དང་ས་ནག། རྫ་གསེབ་སོགས་ལས་སྐྱེ་བའི་ལོ་མ་སྔོ་ལྗང་དབྱིབས་ནར་མོ་ལྕེ་འདྲ་བ་ཞིག་ཀྱང་ཡོད། སྔོ་ལྡུམ་འདིའི་ལོ་མ་གོང་དང་མི་མཚུངས་བར་གཉེར་རིས་ཀྱི་དྲ་བས་ཁྱབ་པ་དང་ ལོ་མའི་རྒྱབ་ལོག་མདོག་དམར་སྨུག་ཅན་ལ་རྩ་རིས་ཤིན་ཏུ་གསལ་བ། ལོ་རྐང་ཅུང་རིང་ཞིང་གཡས་གཡོན་དུ་ཕྱེས་ཏེ་འདུག་པ་མ་ཟད། ཚིགས་མཚམས་སུ་ལོ་ཕྲན་ཁ་སྤྲོད་རེ་སྐྱེ་བ་དང་ སྟོན་ཁར་མེ་ཏོག་སྔོ་དམར་དབྱིབས་མཆུ་དང་འདྲ་བ་མང་པོ་ཕྱོགས་གཅིག་ཏུ་འབྱར་ཏེ་འཆར་ཞིང་ འདབ་མའི་ལྟག་ལོགས་སུ་རྩ་རིས་ཀྱི་དྲ་བས་ཡོངས་སུ་གཡོགས་ཡོད། དེ་ཡང་མངོན་རྟོགས་ལས། བྱ་རྒོས་སྤོས་ནི་རྫ་ལས་སྐྱེ།། ལོ་མ་ནག་རྩུབ་ཁྱི་ལྕེ་འདྲ།།དམར་ལ་སྨུག་པའི་མདོག་ཤས་ཆེ།། མེ་ཏོག་སྔོན་པོ་བ་སྤུ་ཅན།། དབྱིབས་ནི་པྲི་ཡང་ཀུ་འདྲ་ཡང༌། སྐྱེ་ལུགས་སྲིན་བྱའི་མགོ་འདྲ་སྤུངས།། སྡོང་བུ་སྨུག་པོ་རིང་བ་ཡིན།། དྲི་ཞིམ་གླ་བོའི་ལྟེ་དྲི་འབྱུང༌།། ནུས་པས་གདོན་འདུལ་རིམས་ཚད་སེལ།། ཞེས་པ་ལྟར་སྨན་དུའང་སྦྱར་ཆོག་ལ། སྨན་དུ་སྦྱར་བྱ་ནི་ལོ་སྡོང་མེ་འབྲས་ཡོངས་རྫོགས་ཏེ། སྟོན་མཇུག་ཙམ་ལ་བཏུས་ནས་སྐམ་གསེད་ལེཌ་ཚོཌ་བྱ་དགོས་སོ།།

བྱ་རྒོད་སྤོས་དང་འདི་གཉིས་རྩ་བའི་སྐྱེ་སྟངས་སོགས་གཅིག་མཚུངས་ཡིན་ན་ཡང་ རྒོད་སྤོས་ལུགས་གཅིག་ནི་བྱ་རྒོད་སྤོས་ལས་རྐང་ཅུང་རིང་ཞིང་དྲི་ཡང་སྔོན་མ་ལྟར་གླ་རྩིའི་ངད་ལྟ་བུ་མི་ལྡང་བར་པྲི་ཡང་ཀུའི་དྲི་དང་ཁྱད་མེད་དུ་ཡོད། དེར་བརྟེན་མཁས་པ་འགས་རྒོད་སྤོས་ལུགས་གཅིག་ལ་གཟའ་ལྡུམ་པྲི་ཡང་ཀུ་ཞེས་པར་ངེས་འཛིན་མཛད་སྲོལ་ཡང་ཡོད། མིང་གི་རྣམ་གྲངས་ལ་སྲིན་བྱ་མགོ་ཅན་དང་བདུད་རྩི་ཆིག་ཐུབ་ཅེས་ཀྱང་ཟེར་རོ།།

༡༤། བྲ་མ།   
(༡༡། ཕྱི་ལོ་༡༩༩༨།༥།༡ ཤོག་གྲངས་ སྐྱེ་དངོས་དང་སྲོག་ཆགས།)

བྲ་མ་ནི་ཞིང་འབྲོག་གཉིས་སུ་སྐྱེ་པའི་ཤིང་ཕྲན་ཚེར་མ་ཅན་ཞིག་ཡིན་ཞིང་ དེ་ཡང་ནགས་འདབས་དང་ སྤང་ཐང་ བྱེ་ཀླུང༌། ལམ་ཟུར་གཡས་གཡོན། ཡུར་འགྲམ།རྫ་བྲག་སོགས་སུ་ལྷག་པར་མོད་པོ་ཡོད་པ་མ་ཟད་ཐོན་ཚད་ཀྱང་འབེལ། སྐྱེ་སྟངས་སྨྱུག་སྡོང་ལྟར་ཤིང་ཕུང་གི་ཚུལ་དུ་སྐྱེ་བ་དང་ མཐོ་ཚད་ལ་མི་ཊར་ ༠་༢ ནས་ ༢་༣ ཙམ་ཟིན་གྱིན་ཡོད། རྩ་བ་ཤིང་རྒྱུས་མཉེན་པོ་ས་འོག་ཏུ་ཕན་ཚུན་སྦྲེལ་ཏེ་རིང་པོར་བརྐྱང་བ་དང་ངར་བའི་སྨད་དུ་ཡལ་འདབ་སོགས་མེད་པར་ཁེར་ཚུགས་ཡིན་ཞིང་ཤུན་མདོག་ཚེར་མ་དང་བཅས་ཁམ་ནག་ཡིན། ཡང་འགའ་ཞིག་ལ་མདོག་ཐལ་ལྗང་ངམ་དུ་མདོག་ལྟ་བུར་འོད་ཅུང་ལྡན། དེའི་རིགས་ལ་སྤུ་ཚེར་མོད་པ་མ་ཟད། ཡལ་ཕྲན་གསར་བ་སེར་སྐྱ་དང་ཁམ་སེར་ཅི་རིགས་ལ། ལོ་མ་ལྗང་ཁུ་ཆུང་ངུ་བཞི་རེ་བྱིའུ་སྦར་ལྟར་གྱེས་པའི་མཆན་དུ་ཚེར་མ་འདྲ་བ་རེ་ཡོད་པ་ནི་སྔ་ལོའི་ལོ་རྐང་རྙིང་པ་ཚེར་མར་གྱུར་བས་ཡིན།འཆར་ཅན་བཞིན་ལོ་རེའི་བོད་ཟླ་བཞི་པ་ནས་རིམ་གྱིས་མེ་ཏོག་སྦུབས་ཅན་སྨད་ཆ་གོས་མདངས་ལྗང་ཁུས་གཡོགས་པ། རྩ་བའི་འདབ་མ་སེར་པོ་དང་དམར་སེར་ཅི་རིགས་ཡོད་པ་ཞིག་འཆར་ཞིང་ ཟླ་བ་གཉིས་ལྷག་གི་རྗེས་ནས་མེ་ཏོག་གི་གོང་བུ་ནར་ལེབ་སྲན་ཆུང་འདྲ་བ། ནང་དུ་སྲན་འབྲས་ནར་མོ་གཉིས་ནས་གསུམ་ཡོད་པ་ཞིག་ཀྱང་ཐོགས།མེ་ཏོག་གི་རོ་ཤིན་ཏུ་མངར་སྟབས་ཞིང་གྲོང་གི་བྱིས་པ་ཚོས་བཟའ་སྤྱད་ཀྱང་བྱེད་ཀྱིན་ཡོད། ད་དུང་བྲ་ཤིང་ནི་མཉེན་ལྕུག་ཆེ་བའི་ཤིང་རིགས་ཤིག་ཡིན་པས། ཞིང་འབྲོག་མང་ཚོགས་རྣམས་ཀྱིས་ཤིང་བྲ་མས་རྣ་གཅུས་བཀུགས་ཏེ་འཚོ་བའི་རྒྱུན་སྤྱོད་དུ་བཀོལ་གྱི་ཡོད་པའང་ཉུང་ཉུང་མིན།

མདོར་ན་བྲ་མ་ནི་གང་དུ་སྐྱེ་ཞིང་གང་ལའང་མཁོ་བའི་ཤིང་ཕྲན་ཞིག་ཡིན་པ་མ་ཟད་སྨན་དུའང་སྦྱར་ཆོག་སྟེ། སྟོན་མཇུག་བྲ་མའི་རྩ་བ་བརྐོས་ནས་ས་དྲེག་དང་ཤུན་པ་དོར་རྗེས་སྐམ་ཚགས་ལེགས་པར་བྱས་ཏེ་བཏུང་ན་ཤ་རྩ་ཁུགས་པའི་ཚད་པ་སེལ་པ་དང་ ཤ་ནད་འཇོམས་ཤིང་རྩ་ནད་འདྲེན། ད་དུང་རིམས་ཚད་དང་རླུང་ཚད་སོགས་ཀྱང་འཇོམས་པར་གསུངས་སོ།།

༡༥། དབྱར་རྩ་དགུན་འབུ།   
(༡༢།  ཕྱི་ལོ་༡༩༩༧།༨།༡ ཤོག་གྲངས་ སྐྱེ་དངོས་དང་སྲོག་ཆགས།)

དབྱར་རྩྭ་དགུ་འབུ་ནི་དབྱར་དུས་རྩྭའི་རྣམ་པར་སྐྱེས་ཤིང་དགུན་དུས་འབུ་རུ་ འགྱུར་བའི་དངོས་པོ་ཡ་མཚན་པ་ཞིག་ཡིན། མིང་ལའང་དབྱར་རྩྭ་དགུན་འབུ་ཟེར་ཞིང༌། སྨན་གཞུང་རྣམས་སུ་སྔོ་སྨན་གྱི་རིགས་ཤིག་ལ་ངོས་འཛིན་གནང་བར་མ་ཟད། དེའི་རོ་མངར་དང༌། ཞུ་རྗེས་སྙོམས་པ། ནུས་པས་མཁལ་མ་དང༌། ལུས་སྨད་དུ་དྲོད་མི་ཁུག་པ། ཁུ་བ་ཟད་པ། ལུས་སྟོབས་ཞན་པ་བཅས་སྨན་པར་བཤད། དེའི་བཟོ་དབྱིབས་ནི་གྲོ་འབུ་དང་འདྲ་ཞིང་ཆེ་ཆུང་ལ་ས་བབ་སོགས་ཀྱི་རྐྱེན་པས་གཅིག་ཏུ་ངེས་པ་མེད་མོད། འོན་ཀྱང་དེའི་ཁ་དོག་ལ་མི་མཐུན་པ་ཆེར་མེད། རྩ་བའམ་ས་འོག་ཏུ་ཡོད་པའི་ཆ་དེའི་ཕྱིའི་ཁ་དོག་སེར་པོ་དང་ནང་དཀར་པོ་ཡིན་ལ། སའི་སྟེང་དུ་བུད་པའི་རྩྭའི་ཁ་དོག་སྨུག་པོ་ཡིན། དེར་བརྟེན་དབྱར་རྩྭ་དགུན་འབུ་ནི་སྤྱིར་བཏང་བ་ཞིག་མ་ཡིན་པར་རིན་ཐང་ཆེ་ཞིང་མཚན་སྙན་འབར་བས། སྤྱི་ཚོགས་སྟེང་དཔལ་འབྱོར་བསྒྲུབ་ཕྱིར་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཚོང་འགྲེམས་བྱེད་པའི་ཚོང་ཟོག་གི་གྲས་སུའང་རྩ་བའི་གོ་གནས་མཐོ་ཤོས་ཤིག་བཟུང་ཡོད་དོ།།

༡༦། མེ་ཏོག་པདྨ།    
(༧། ཕྱི་ལོ་༡༩༩༨།༡།༡ ཤོག་གྲངས་ སྐྱེ་དངོས་དང་སྲོག་ཆགས།)

མེ་ཏོག་པདྨ་ནི་ཆེས་མཛེས་ཉམས་ཆེ་བའི་རྩི་ཤིང་གི་རིགས་ཤིག་ཡིན་ལ། འཁོར་ཡུག་དང་སྐྱེས་ཚུལ་གྱི་ཆ་ནས་རྩྭ་པདྨ་དང༌། ཤིང་པདྨ། མཚོ་རྫིང་ཁོ་ནར་འཁྲུངས་པའི་ཆུ་ལས་སྐྱེས་པའི་པདྨ་སྟེ་གསུམ་ཡོད། དེ་ཡང་རྫིང་བུར་འཁྲུངས་པའི་པདྨ་ནི་ལོ་མང་སྐྱེ་བའི་ཆུ་སྐྱེས་ལྡུམ་རིགས་ཀྱི་གྲས་སུ་གཏོགས་ཤིང༌། རྩ་བ་དཀར་ལ་ཤུན་པ་ཅུང་སེར་སྐྱ་འདྲེས། རྩ་བའི་ཉག་ཚིགས་དང་རྩ་ཕྲན་ལ་རེག་བྱ་ཤིན་ཏུ་འཇམ་པའི་ལོ་མ་མདོག་ལྗང་གུ་དབྱིབས་སྒོར་མོ་འོན་ཤིང་དང་མཚུངས་པའི་སྤུ་ཚེར་ཞིབ་མོ་ཅན་མཐོ་ཚད་ཆུའི་གཏིང་ཚད་ལ་དཔག་ནས་སྐྱེས་པ་མ་ཟད། ལོ་མ་ཆུའི་ཁར་ཐོན་པ་དང༌། མེ་ཏོག་གི་ངར་བ་ལོ་རྐང་ལས་རིང་ཞིང་དེའི་སྟེང་མར་མེ་ཏོག་དཀར་པོའམ། དམར་པཽ།ཡང་ན་དཀར་དམར་མདངས་ཅན་ཅི་རིགས་འདབ་མ་མང་ལ་ཟེ་འབྲུ་སེར་པོ་ཅན་ཤིན་ཏུ་མཛེས་ཞིང་ཆེ་བ་ཞིག་འཆར། ཕྱི་ཟླ་དགུ་བ་ནས་རིམ་བཞིན་དབྱིབས་ཟླུམ་ཕྱེད་གཡུ་ཕོར་མར་ཁུས་བཀང་བ་ལྟ་བུ་ལ་ཁུང་བུ་བུང་ཚང་འདྲ་བ་མང་པོ་ཡོད་ལ། དེ་རེ་རེའི་ནང་དུ་འབྲས་བུ་སྒོང་འཇོང་མཛུབ་མགོ་ཙམ་རེ་ཡོད་པ་ཕྱི་ལྐོགས་ཕྲ་ལ་ནང་དུ་མེ་ཏོག་གི་ས་བོན་འཁྲུངས་རྒྱུ་ཡོད་པ་དེ་ནི་ཆུ་སྐྱེས་མཆོག་ཡིན། དམན་པ་ལ་པཎ྄ཊ་རི་ཀ་ཟེར་ཞིང་མདོག་དཀར་དམར་ཅི་རིགས་སུ་བཞད་པ་དང་ངར་བ་ཕྲ་ལ་ལྡེམ། མེ་ཏོག་གི་འདབ་མ་བརྒྱད་དུ་ངེས་ཤིང་ཟེའུ་འབྲུ་སེར་པོ་འཁྲུངས། འདི་ནི་བོད་ཀྱི་ཡུལ་གྲུ་གང་སར་སྐྱེས་ཤིང༌། ཆུ་སྐྱེསམཆོག་ནི་ཧ་ལམ་མེད། སྨན་དུ་སྦྱར་བྱ་ནི་མེ་ཏོག་གི་རྩ་བ་ཡིན་ཅིང་རོ་མངར་ལ་བསྐ། ནུས་པས་ལུས་ཀྱི་ཟུངས་གསོ་བ་དང་མདངས་བསྐྱེད་པ་མ་ཟད་ཁྲག་ཚད་བཅས་སེལ།

རྩྭ་པད་མ་དང་ཤིང་པད་མ་ནི་རང་རེའི་ཡུལ་གྲུ་ཕལ་མོ་ཆེར་སྐྱེས་ཤིང༌། མདོག་མང་ཆེ་བ་དཀར་དམར་གཉིས་སུ་ངེས་པ་དང༌། མདོག་སེར་པོ་ཉུང་ཉུང་ཙམ་ལས་མེད། སྐྱེས་སྔ་བའི་རྩི་ཤིང་གི་རིགས་སུ་གཏོགས་ཤིང༌། ལོ་རེ་བཞིན་བོད་ཟླ་གསུམ་པའི་ནང་འབུས་མགོ་ཚུགས། མི་ཚང་མང་ཆེ་བས་སོ་སོའི་ལྡུམ་རྭ་དང་ར་སྐོར་སོགས་སུ་འདེབས་འཛུགས་བྱེད་པ་དང་མེ་ཏོག་གཞན་ལས་མཛེས་ཉམས་ཆེ་བར་ཡོད་ཅིང༌། ལོ་མ་ལྗང་གུ་དབྱིབས་ཅུང་ཟད་ནར་མོ་ཡིན་ལ་སྤུ་ཚར་མེད། དགུན་ཁར་གཞུང་རྟ་བསྲེགས་ཏེ་རྩ་བ་བདག་ཉར་བྱས་ན་དཔྱིད་ཀར་མགྱོགས་པོར་སྐྱེ་ལ། མེ་ཏོག་དང་ཟེའུ་འབྲུ་རྣམས་ཤིང་པད་མ་ལྟར་འདབ་མ་མང་ཞིང་ཟེའུ་འབྲུ་སེར་པོ་ཡིན། ཤིང་པད་མ་ནི་རྩྭ་པད་མ་ལས་ཅུངཟད་མཐོ་ཞིང་པད་སྡོང་གི་རིང་ཚད་ལ་མི་ཊར་ ནས་ བར་ཡོད། དགུན་ཁར་ཡལ་ག་དང་འདབ་མ་རྣམས་རྙིད་ཤུལ་དུ་གཞུང་རྟ་མཁྲེགས་པོ་ཆགས་ཏེ་ཕྱི་ལོར་དེའི་ཐོག་བསྐྱར་དུ་ཡལ་འདབ་འབུས་མགོ་ཚུགས་པས་ན། ལོ་རེ་བཞིན་པད་སྡོང་ཇེ་ཆེར་འགྲོ་བཞིན་ཡོད། ཤིང་པད་མའི་ལོ་མ་རྩྭ་པད་མ་དང་ཅུང་ཟད་མི་འདྲ་བར་དབྱིབས་ནར་མོ་ཕྲ་ལ་རིང་བ་ཡོད། པད་མའི་དྲི་མེ་ཏོག་གཞན་ལས་ཞིམ་མངར་ལྡང་བར་བརྟེན། གཙུག་ལག་ཁང་དང་མཆོད་ཁང་སོགས་སུ་མཆོད་རྫས་སུ་འབུལ་བར་བྱེད་པ་དང༌། དེ་ཡང་ངག་རྒྱུན་ལ་" ཡོད་ན་བརྒྱ་འབུལ་སྟོང་འབུལ།། མེད་ན་མེ་ཏོག་མཆོད་འབུལ།། " ཞེས་གྲགས་པ་ལྟར་རང་རེའི་བོད་མི་རྣམས་ཀྱིས་ལྷ་ལ་མེ་ཏོག་གི་མཆོད་འབུལ་བྱེད་པའང་རྒྱུན་སྲོལ་ཞིག་ཏུ་ཆགས་ཡོད་དོ།།

༡༧། མེ་ཏོག་གསེར་ཆེན།     
(༤། ཕྱི་ལོ་༡༩༩༧།༡༠།༡ ཤོག་གྲངས་   སྐྱེ་དངོས་དང་སྲོག་ཆགས།)

མེ་ཏོག་སེར་ཆེན་ནི་རི་ཐང་གི་སྔོ་སྨན་ཆུང་ཆུང་ཞིག་སྟེ་གཞུང་རྟ་ཐུང་ཞིང་བཅད་ཁར་འོ་མ་འཛུམ། ལོ་མ་ལྟག་རྒྱབ་ལྗང་སྐྱ་སྒྲོ་དབྱིབས་ཅན་ལ་མེ་ཏོག་སེར་པོ་འཆར། རྨ་འདྲུབ་པ་དང་རྣག་སྐེམ་པ། རྩ་རལ་གསོ་བ་དང་སྟོད་ཚད་འཇོམས་པ་སོཌ་ཀྱི་ནུས་པ་ཡོད། དེ་ལ་ཡང་ཟླ་བཞི་པ་ལྔ་པར་སྐྱེས་པའི་སེར་ཆུང་དང་དྲུག་པ་བདུན་པར་བཞད་པའི་སེར་ཆེན་གཉིས་ཡོད། ད་དུང་གྲོང་ཁྱེར་གྱི་མིས་སྐྱོང་བའི་སེར་ཆེན་ནི་སྐྱེ་སྟོབས་ཀྱང་ཆེ་ཚོད་ཡོད་མོད། ང་ཚོའི་དམངས་ཁྲོད་དུ་"ཁྱོད་མེ་ཏོག་སེར་ཆེན་ཨེ་ཡིན།།ཁྱེད་མེ་ཏོག་སེར་ཆེན་ཡིན་ན།། སྟོད་གསེར་ལུང་ཉིན་ནས་སྡོད་དང༌།། འབུ་སྦྲང་མའི་སེམས་རྟེན་ཁྱེད་བྱེད།" ཅེས་ལེན་པའི་མཛའ་མཐུན་བརྩེ་དུང་གི་མེ་ཏོག་གསེར་ཆེན་དེ་ཡང་རྩྭ་ཐང་གི་གྲུ་ཟུར་ན་ལུས་པའི་མེ་ཏོག་མངོན་ཆུང་དེ་ལས་མ་འདས་པས་ང་ཚོས་ཁོ་ལ་ཕྱིར་དྲན་ཐེངས་ཤིག་མི་བྱེད་པ་ག་ལ་རུང༌།།

༡༨། སྨྱུག་མ།  
(༧། ཕྱི་ལོ་༡༩༩༨།༡།༡ ཤོག་གྲངས་ སྐྱེ་དངོས་དང་སྲོག་ཆགས།)

སྨྱུག་མ་ནི་ཡུལ་གྲུ་ཕལ་མོ་ཆེར་སྐྱེས་པའི་ཤིང་ཕྲན་གྱི་རིགས་ཤིག་ཡིན་ལ། རང་རེའི་སྤོ་བོ་དང༌། མེ་ཏོག་ཚ་བ་རོང༌། སྨིན་གླིང་སོགས་རྒྱ་མཚོའི་ངོས་ནས་མི་ཊར་༢༨༠༠ མན་གྱི་ས་གནས་མང་ཆེ་བར་སྐྱེ་ཞིང༌། མཐོ་ཚད་ལ་མི་ཊར་ ནས་ ༡༨ བར་ཟིན་གྱིན་ཡོད་པ་དང༌། ཚིགས་ཀྱི་བར་མཚམས་སུ་བཅད་མཚམས་ལྟ་བུའི་དབྱིབས་གོར་དང་བཅས་ཚོམ་བུ་ཚོམ་བུར་སྐྱེ་ཞིང༌། ཚིགས་མཚམས་རེ་ནས་ཡལ་ག་ལྟ་བུ་ལྕུག་ཕྲན་མང་པོ་ཕན་ཚུན་གྱེས་ཏེ་དེའི་སྟེང་ལོ་མ་དབྱིབས་ནར་མོ་རལ་གྲི་འདྲ་བ་མདོག་ལྗང་གུ་ཅན་རེ་དང༌། རྒྱབ་ཅུང་ཟད་རྩུབ་པ་རེས་མོས་བཞིན་སྐྱེས་ནས་ཐ་མར་ལོ་མ་མང་ཆེ་བ་ཐུར་དུ་འཕྱང་བར་བྱེད། སྟོན་མཇུག་སྨྱུག་སྡོང་གི་རྩེར་སྙེ་མ་དང་མཚུངས་པའི་མེ་ཏོག་རང་མདོག་ཅན་ཞིག་ཀྱང་འཆར་གྱིན་ཡོད།

སྨྱུག་མ་ནི་སྐྱེས་སྟོབས་ཆེ་ཞིང་དྲངས་ལ་རིང་བས་དམངས་ཁྲོད་དུ་སྐྱེ་གཟུགས་ཀྱི་མཛེས་དཔེར་བཀོད་ཡོད་པ་ངག་རྒྱུན་དུ། " ཕར་འཁོར་ན་སྐུ་ལུས་སྨྱུག་གཟུགས།།ཚུར་འཁོར་ན་བཅོ་ལྔའི་དུང་ཟླ།། " ཞེས་གྲགས་པ་ལྟར་དང༌། ད་དུང་སྨྱུག་མས་རང་རེའི་རྒྱུན་སྤྱོད་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་མདོང་མོ་དང༌། སྨྱུག་མདའ། སྨྱུ་གུ།འཕྲེད་གླིང་སོགས་ཀྱང་བཟོ་སྲོལ་ཡོད། སྨྱུག་སྡོང་གསར་བ་བཅད་མ་ཐག་དེའི་ནང་དུ་སྨྱུག་སྔོན་ཚི་བ་ཞེས་པའི་སྨན་དུ་སྦྱར་ཆོག་པའི་ཁུ་བ་ཞིག་འོང་བ་དེར་" ཁན་ར་ " ཞེས་སུ་འབོད། འདི་ལེན་ཐབས་ནི་སྨྱུག་སྡོང་བཅད་མ་ཐག་སྨྱུག་ཚིགས་དོར་ནས་དུམ་བུ་གཉིས་སུ་བཏང་སྟེ། ཐབ་ཀྱི་ཁར་བཞག་ཏེ་མེ་ཡིས་བསྲེགས་ན་སྣེ་གཉིས་ནས་དལ་བུར་ཚིལ་ཁུ་འབབ་ཅིང༌། མིང་གི་རྣམས་གྲངས་ལ་སྨྱུག་ཚིའམ་སྨྱུག་རྩི་ཟེར་ཞིང༌། ནུས་པས་བྱང་ཁོག་དང་ཡན་ལག་གི་རྨ་ཚད་སེལ་བ་མ་ཟད། ཚ་བ་རྙིང་བ་དང་ལྷག་པར་མོ་ནད་ཚ་བའི་རིགས་ལ་མཆོག་ཏུ་ཕན་ནོ།།

༡༩། ཙོང་སྒོག 
(༡༢། ཕྱི་ལོ་༡༩༩༨།༦།༡ ཤོག་གྲངས་ སྐྱེ་དངོས་དང་སྲོག་ཆགས།)

ཙོང་ལ་ཞིང་ཁུལ་དུ་སྐྱེས་པ་དང་རི་ཁུལ་དུ་སྐྱེས་པའི་རིགས་གཉིས་མཆིས་ལ། འདི་ཞིང་ཁུལ་དུ་སྐྱེས་པ་སྟེ་བོད་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་ཀུན་ཏུ་འབྲུ་རིགས་སྤྱི་མཚུངས་བཞིན་འདེབས་འཛུགས་བྱེད་པའི་ཞིང་སྐྱེས་ཏེ་སྒོག་རིགས་ཁ་ཟས་དང་སྨན་རྫས་གཉིས་ཀར་བེད་སྤྱོད་ཆོག་ལ། རྩ་བའི་ཁ་དོག་དཀར་ཞིང་ཅུང་ཟད་རྒྱས་པ་དང་ལོ་མའམ་ཕྱི་གཟུགས་ཀྱི་ཁ་དོག་ལྗང་ཁུ་སྦུ་གུ་ཁོང་སྟོང་རིང་ལ་རྩེ་མོ་རྣོ་བ་དང༌། དེའི་རྐེད་པ་གྲིས་བཅད་ཀྱང་བརླན་དང་མ་བྲལ་ན་སླར་སྐྱེ་བ་ལ་སྔར་ལས་ལྡབ་འགྱུར་གྱིས་མགྱོགསཤིང་འབྲས་བུ་སྨིན་པ་ལས་ས་བོན་མདོག་ནག་པོ་དབྱིབས་ཟུར་གསུམ་ཅན་ཡོད་པ་འདི་ཉིད་དང༌། རི་ཁུལ་དུ་སྐྱེས་པའི་ཕྱི་དབྱིབས་ཀྱི་ཁ་དོག་སྔོ་ལྗང་དང་ཁོང་སྟོང་བ་ལ་རྩེ་མོར་མེ་ཏོག་དཀར་སྐྱ་མི་རྒན་མགོ་སེ་འདྲ་བ་འཆར་བ་སོགས་ལ་དྲི་རོ་དག་ཞིང་ཁུལ་དུ་སྐྱེས་པའི་སྒོག་རིགས་དང་མཚུངས་ཤིང༌། དེ་གཉིས་ཀར་ཡང་ " འཁྲུངས་དཔེ་ " རུ། ཙོང་སྒོག་རི་དང་ལྡུམ་རར་སྐྱེ།། འདབ་མ་རིལ་མོ་སྦུབས་ཅན་ཏེ།། རོ་ཙ་སྲིན་ནད་ཆུ་སེར་དང༌།། མོ་ནད་སེལ་ཞིང་འབམ་གདོན་འཇོམས།། ཞེས་པ་བཞིན།སྨན་དུ་སྦྱར་བྱ་ནི་རྩ་བ་དང་ལོ་མ་མེ་ཏོག་འབྲས་བུ་བཅས་ཡོངས་སུ་རྫོགས་པ་དབྱར་གཞུང་གི་དུས་ཚིགས་སུ་རྒྱས་ཚེ་བཏུས་ནས་བསིལ་སྐམ་ཚགས་ལེགས་བྱ་ལ། མིང་གཞན་ལ་སྒོག་སྔོན་དང༌། བཙོང་ནག་སོགས་ཡུལ་སྐད་སོ་སོའི་སྐད་ཐ་དད་པ་ཡོད་དོ།།

༢༠། རྩྭ་ཀུ་ཤ  
(༡༠། ཕྱི་ལོ་༡༩༩༨།༤།༡ ཤོག་གྲངས་ སྐྱེ་དངོས་དང་སྲོག་ཆགས།)

རྩྭ་ཀུ་ཤ་ཞེས་པ་ནི་རྒྱ་མཚོའི་ངོས་ལས་མི་ཊར་ ༥༠ ནས་ ༡༥༠༠ བར་གྱི་ས་ཆའི་རི་རྒྱུད་དང་བདེ་ཐང༌། ནགས་འདབས། རྩྭ་གསེབ། ལམ་ཟུར་སོགས་སུ་སྐྱེ་བའི་ལོ་མང་སྐྱེ་བའི་རྩྭ་རིགས་ཤིག་ཡིན་ལ། སྐྱེ་དབྱིབས་རལ་གྲི་ལྟར་སྟོད་ཞེང་ཅུང་ཆེ་ཞིང་ངར་བ་ཕྲ་བའི་རང་བཞིན་ཅན། རྩྭ་འདིའི་ཁོང་སྟོང་བར་གནས་ནའང་སྟོད་དུ་མེ་ཏོག་གི་སྲོལ་ལ་རྩྭའི་སྙེ་མའི་མདོག་ནི་སྐྱ་སྨུག་ཅན་ཞིག་དང༌། སྙེ་མའི་སྐྱེ་དབྱིབས་སོགས་ཧ་ཅང་ཞིབ་ཚགས་པོ་ཡོད།

ང་ཚོས་རྩྭ་ཀུ་ཤ་ཞེས་རྩ་ཆེར་འཛིན་དོན་ཡང་སྔར་སངས་རྒྱས་ཞལ་བཞུགས་དུས་རྩྭ་འཚོང་བ་བཀྲ་ཤིས་ཞེས་པ་ཞིག་གིས་བཅོམ་ལྡན་འདས་ལ་རྩ་འདི་ཕུལ་བས་ན། བཅོམ་ལྡན་འདས་ཀྱིས་དད་པས་ཕུལ་བའི་རྩྭ་འདི་ཆུད་ཟས་སུ་མ་བཏང་བར་ལོ་དྲུག་དཀའ་བ་སྤྱད་དུས་རྩྭ་འདི་གདན་དུ་བཏིང་བར་མཛད་པའི་ལོ་རྒྱུས་དང་བསྟུན། རྩྭ་ཀུ་ཤ་ནི་བཀྲ་ཤིས་པའི་རྫས་སུ་ཆགས་པ་དང༌། བུམ་པའི་ཁ་རྒྱན། སྦྱིན་སྲེག་གི་རྫས་སུ་བྱེད་པ་སོགས་ཆོས་ཀྱི་ཆོ་ག་སྤེལ་དུས་ཧ་ཅང་གི་རྩ་ཆེར་འཛིན་པ་མ་ཟད། དབང་ལུང་ཞུ་དུས་སྟ་གོན་གྱི་སྐབས་སུ་རྩྭ་ཀུ་ཤ་དང༌། དུར་བ་ཁྱེར་ནས་སྔས་འོག་དང་སྟན་འོག་ལ་བཅུག་སྟེ་ཉལ་ནས། མཚན་དེར་རྨི་ལྟས་ཅི་འབྱུང་གི་རྟེན་འབྲེལ་སྣ་ཚོགས་ལ་བརྟག་པ་སོགས་ཀྱང་ང་ཚོ་ཚང་མས་མཐོང་ཆོས་སུ་ཡོད་པ་ལྟར་ཧ་ཅང་གི་རྩ་ཆེ་བའི་སྐྱེ་དངོས་ཀྱི་རིགས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད། མིང་གི་རྣམ་གྲངས་ལ་བདུད་འདུལ་གདན།དག་བྱེད། ངལ་སེལ་སོགས་ཀྱང་ཟེར་རོ།།

༢༡། རྩྭ་ཨ་ཝ། 
(༤། ཕྱི་ལོ་༡༩༩༧།༡༠།༡ ཤོག་གྲངས་   སྐྱེ་དངོས་དང་སྲོག་ཆགས།)

སྤྱིར་རྩྭ་ཨ་ཝ་ནི་མཚེ་ལྡུམ་དང་ཆ་འདྲ་བའི་རྩ་ལྡུམ་ཞིག་ལ་ངོས་འཛིན་པ་དང༌། ཤ་མོའི་རིགས་ཀྱི་བྱེ་བྲག་ཀོ་ཤ་ཟེར་བར་ངོས་འཛིན་པའང་ཡོད། གང་ལྟར་སྐྱེ་སྟངས་དང་ནུས་པ། མེ་ཏོག་ཡོད་མེད་སོགས་ཀྱི་ཆ་ནས་རིགས་གསུམ་ལས་མཆོག་ལ་བདུད་རྩི་ཨ་ཝ་ཞེས་འབོད། འདི་ནི་རི་བྲག་ཁོ་ན་ལས་སྤང་ཐང་དང་ཞིང་ཁར་མི་སྐྱེ་ཞིང༌།མེ་ཏོག་དང་འབྲས་བུ་གང་ཡང་མེད། དབྱིབས་ནི་གསོམ་སྡོང་གི་ལོ་མ་ལྟར་རྒྱ་ཁབ་གཤིབས་པ་དང་མཚུངས། བདུད་རྩི་ཨ་ཝ་ལ་སྐྱེ་དངོས་གཞན་དང་ཐུན་མོང་མ་ཡིན་པའི་ནུས་པ་ཞིག་ཡོད་པ་ནི་དེའི་ཁུ་བ་ལག་པར་བྱུགས་ན་རྡོ་ལྕགས་སོགས་འཇིམ་པ་ལྟར་སྣོ་བརྫི་བྱེད་ཐུབ། དེ་ཡང་སྔོན་སྔགས་པ་ཞིག་གིས་གྲུབ་རྟགས་ཡིན་ཁུལ་གྱིས་ཨ་ཝའི་རྫས་སྨ་རའི་ནང་བྱུགས་ཏེ་རྡོ་བའི་གཏོར་མ་བཅོས་པར་བན་ཕྲུག་ཅིག་གིས་དེའི་རྐུབ་བརྡོལ་བའི་གཏམ་རྒྱུད་སྙན་པོ་ཞིག་ཀྱང་ཡོད། དེའི་རོ་ཁ་ལ་ཡུད་ཙམ་ན་དྭངས། ལྷག་པར་མིག་ནད་གསོ་བའི་བདུད་རྩི་ལྟ་བུ་ཡིན་པས་མིང་ལའང་བདུད་རྩི་ཨ་ཝ་ཞེས་གྲགས། འབྲིང་ལ་ཨ་ཝ་དར་ལྗང་ཟེར་བ་དང་མེ་ཏོག་ཡོད་མེད་གཉིས་ཀ་ཡོད། མེ་ཏོག་ཡོད་པ་རྣམས་མོ་དང་མེད་པ་རྣམས་ཕོ་ཡིན་པར་བཤད། ཐ་མ་ནི་སྤང་གཞུང་ལས་སྐྱེ་བའི་མདོག་ལྗང་དཀར་ཆུན་པོ་ཆུང་ངུ་ཆུང་ངུ་ཕྱོགས་གཅིག་ཏུ་སྐྱེ་བའི་རྩྭ་ལྡུམ་ཞིག་སྟེ། བྱབྱཨ་ཝ་ཕག་གི་ཟེ་བ་འདྲ།བྱབྱ ཞེས་སྐྱེ་སྟངས་ཀྱི་ཆ་ནས་གཞུང་རྟ་རྣམས་ཕག་གི་ཟེ་བ་དང་འདྲ་བར་གྱེན་དུ་གཟེངས་པསཧཨ་ཝ་ཕག་ཟེ་ཅན་ཞེས་འབོད། རྩྭ་བའི་ཆ་ནས་ཨ་ཝ་དེ་དག་སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཁ་ལ་ཞུ་རྗེས་བསིལ། ནུས་པས་མིག་ནད་དང་དུག་ནད་སེལ། བྱང་ཁོག་གི་རྨའི་རྣག་ཆུ་སྐེམ་པ་ལ་མཆོག་ཏུ་ཕན། མིང་གི་རྣམ་གྲངས་ལ་དངུལ་གྱི་མོ་ཁབ། སྒོ་འབྱེད་སྨན། དངུལ་མཐུར། མུ་ཏིག་ཕྲ་བཀོད་བཅས་ཟེར་རོ།།

༢༢། མཛོ་མོ་ནུ་མ།   
(༩། ཕྱི་ལོ་༡༩༩༨།༣།༡ ཤོག་གྲངས་   སྐྱེ་དངོས་དང་སྲོག་ཆགས།)

མཛོ་མོ་ནུ་མ་ནི་བོད་ཡོངས་ཀྱི་ས་ཁུལ་གང་དུའང་སྐྱེ་ཞིང༌། ལྷག་པར་ནགས་འདབས་དང༌། ལུང་ཤུར། ཆུ་རྒྱུད་ཁག་བཅས་ཀྱི་རླན་གཤེར་ཅུང་ཆེ་སར་མོད་པོར་འཁྲུངས། འདི་ལ་རིགས་གཉིས་ལས་ཕོའི་རིགས་ཀྱི་ཤིང་ཕུང་གི་མཐོ་ཚད་མི་ཊར་གཉིས་ལྷག་ཙམ་ཟིན་པ་དང༌། གཞུང་རྟ་དང་ཡལ་ག་བཅས་ཀྱི་ཕྱི་ཤུན་སྨུག་ལ་པགས་འབྲུམ་ལྟར་ཚེར་མ་རྣོ་བོ་ཡོད།

དེ་ཡང་ཕྱི་ཟླ་ལྔ་པ་ནས་དྲུག་པའི་བར་ལོ་རྐང་རེ་རེའི་ཐོག་ལོ་མ་བདུན་ནམ་དགུ་རེ་དབྱིབས་སྒྲོ་བ་ལྟར་སྐྱེས་པ་དང༌། སྟེང་དུ་མེ་ཏོག་ཟིང་དམར་འདབ་མ་ལྔ་དང་ལྡན་པ་ལ་ཟེའུ་འབྲུ་སེར་པོ་ཅན་ཞིག་འཆར་བར་མ་ཟད་ཕྱི་ཟླ་བརྒྱད་པའི་ནང་མདོག་དམར་ཞིང་སྨུག་ལ་འབྲས་བུ་བུམ་པའི་དབྱིབས་ཅན་ཞིག་ཀྱང་སྨིན་པར་བྱེད།

སེ་རྒོད་མོ་ནི་ཕལ་ཆེར་གོང་དང་མཚུངས་ནའང༌། ས་ཆ་ཅུང་སྐམ་སར་སྐྱེ་ཞིང་ཐོན་ཚད་ཀྱང་འབེལ། ཤིང་སྡོང་གི་རིང་ཚད་ལ་མི་ཊར་ ནས་ ཙམ་ཟིན་ལ།སེ་རྒོད་ཕོ་ལས་ཅུང་ཟད་དྲང༌། ཐོག་མར་གསར་དུ་སྐྱེས་སྐབས་ཕྱི་ཤུན་དམར་སྨུག་དང༌། དེ་ནས་རིམ་བཞིན་སྐྱ་བོར་འགྱུར། སྡོང་རྐང་དང་གཞུང་རྟ། ཡལ་འདབ། ལོ་མ་རྣམས་སུ་ཚེར་མས་ཁྱབ་ཅིང་ལོ་རྐང་ཐོག་ལོ་མ་སྐྱེ་ཚུལ་སེ་རྒོད་ཕོ་དང་ཅུང་མི་འདྲ་བར་དབྱིབས་སྒོར་ལ་མཐའ་རུ་སོག་ལེ་ཁ་ཅན་གྱི་ལོ་མ་བདུན་ནམ་དགུ་རེ་སྒྲོ་དབྱིབས་སུ་སྐྱེས།

བོད་ཟླ་བཞི་པའི་ནང་གཤོང་ས་རྣམས་སུ་མེ་ཏོག་དཀར་པོ་འདབ་མ་ལྔ་ཅན་ལ་ཟེའུ་འབྲུ་སེར་ཤ་འདྲེས་པ་ཞིག་འཆར་ཞིང༌། བདུན་པའི་ནང་འབྲས་བུ་དམར་པཽ་དབྱིབས་བུམ་གཟུགས་ཅན་ཐོགས་ལ། འགའ་རེར་མདོག་ཁམ་སྨུག་འོད་དང་ལྡན་པ་ཞིག་འདོགས། གཞན་ཡང་སེ་རྒོད་ཀྱི་འབྲས་བུ་དང་བར་ཤུན་སྨན་དུ་སྦྱར་ཆོག་ལ། ནུས་པས་དུག་ཚད་དང༌། ཟས་དུག་ཕོག་པ། མཆིན་མཁྲིས་ཀྱི་ཚད་པ། རིམས་ཚད་དང་རླུང་སོགས་ལ་ཕན། མིང་གི་རྣམ་གྲངས་ལ་ཧ་ཅི་ཀི ཁ་འབར་བ། མཛོ་མོ་ནུ་མ། སེ་རྒོད་བཅས་ཟེར་རོ།།

༢༣། གཟའ་དུག་ནག་པོ།     
(༡༠། ཕྱི་ལོ་༡༩༩༨།༤།༡ ཤོག་གྲངས་ སྐྱེ་དངོས་དང་སྲོག་ཆགས།)

གཟའ་དུག་ནག་པོ་ནི་རང་རེའི་བོད་ལྗོངས་ཡོངས་ཀྱི་ས་མཐོའི་རྫ་རིའི་སྲིབ་ཏུ་སྐྱེ་བའི་ལྡུམ་རིགས་ཤིག སྐྱེ་ཚུལ་རྩ་བ་རྐང་གཅིག་ལས་མེད་པ་དང༌། དེ་ལ་ཕྱི་ཤུན་ནག་པོ་དྲེག་པ་ཅན་ལ་རྩ་སྡོང་དང་འབྲེལ་མཚམས་སུ་ལོ་སྔོན་མ་དག་གི་ལོ་རྐང་རྙིང་པ་རྣམས་རྩ་རྒྱུ་ཁམས་སེར་ཕྱི་ནང་ཕུང་པོར་བསགས་ཡོད། ངར་བ་ཁོང་སྟོང་སུལ་རིས་ཅན་གྱོང་ལ་རགས་པ་ཡལ་ག་མེད་པ་མང་པོ་མཉམ་དུ་སྐྱེ་བ། མཐོ་ཚད་ལ་མི་ཊར་ ༠་༢ ནས་ ༠་༦ ཙམ་ཟིན་པ་དང༌། ལོ་མའི་མདོག་ལྗང་ནག་ཡིན་ལ་དབྱིབས་ནར་མོ།མཐའ་སོག་ལེ་ལྟར་ཡོད། ལོ་མ་རྩ་བར་གྱེས་པའི་རིགས་ཀྱི་ལོ་རྐང་ནི་སྨུག་པོ་དང༌། ངར་པའི་སྟེང་གྱེས་པའི་རིགས་ཀྱི་ལོ་རྐང་ཐུང་ཞིང་རྩ་བས་ངར་བ་རེས་མོས་ཚུལ་དུ་བཏུམ་ནས་སྐྱེས་ཡོད། ངར་བའི་རྩེར་དབྱིབས་རྡོག་རྡོག་ཅན་གྱི་མེ་ཏོག་དཀར་པོ་གྲངས་བཞི་ནས་བཅུ་བཞི་པར་དུ་འཆར་གྱིན་ཡོད་པ་དང༌། མེ་ཏོག་གི་འདབ་མ་རེ་ཡི་ནང་ཤེད་ན་དྲང་སྲོང་ར་ཧུ་ལ་ཡི་སྐུ་བརྙན་རེ་ཡོད་ཟེར། དྲི་མ་ནི་གླང་ཆེན་ཁ་རླངས་དང་འདྲ་ཟེར་བ་ཞིག་དང༌། གླ་རྩིའི་དྲི་བྲོ་བར་བཤད་ཚུལ་གཉིས་ཙམ་འདུག་པ་མ་ཟད། མེར་བསྲེགས་ན་ཀླུ་རིགས་ཀྱི་སྦལ་སྦྲུལ་དག་ལ་ཧ་ཅང་གནོད་པར་བཤད།

མེ་ཏོག་གི་འདབ་མའི་གྲངས་དགུ་ཙམ་དུ་ཡོད་པར་བཤད་སྐབས་འདིའི་མིང་ལ་གཟའ་བདུད་མགོ་དགུ་ཡང་ཟེར། སྤྱིར་གཟའ་དུག་ནག་པོ་ཞེས་པའི་རྩ་སྨན་འདི་ནི་གཟས་གནོད་པའི་རིགས་དང༌། ཀླུ་གདོན་སོགས་ཀྱིས་གནོད་པའི་རིགས་ལ་ཕན་པའི་སྨན་ཞིག་ཡིན་པས་ན་ཀླུའི་རྒྱལ་པོ་ཞེས་ཀྱང་འབོད། དེ་ལྟར་ཡིན་པ་གཟའ་རྣམ་རྒྱལ་ལས། གཟའ་དུག་ནག་པོ་སྐྱེ་ཚུལ་ནི།། རི་ཡོན་ཏན་ཅན་གྱི་གངས་ལས་སྐྱེ།། ཉིན་མ་སྲིབ་ཀྱི་མཐིལ་ལས་སྐྱེ།། ཆུ་མིག་དཀར་པོའི་གཡས་སུ་སྐྱེ།། རྩ་བ་མི་རོ་ཉལ་བ་འདྲ།། སྡོང་བུ་དུར་ཁག་མགོ་དགུ་འདྲ།། ལོ་མ་ལྕགས་ཐེབ་བརྩེགས་པ་འདྲ།། ཕུང་པོ་གཅིག་ལ་སྡོང་པོ་དགུ། སྡོང་པོ་རེ་ལ་ལྡེབ་མ་རེ།། ལྡེབ་མ་རེ་ཡི་ནང་ཤེད་ན།། ཡ་མཚན་དྲང་སྲོང་སྐུ་རེ་བཞུགས།། མེ་ཏོག་དཀར་སྔོན་བྱ་འདྲ་འཁྲུངས།། སྣོམ་ན་གླང་ཆེན་ཁ་རླངས་བྲོ།། བཅད་ན་བདུད་རྩིའི་འོ་མ་འཛག། ཀླུ་དུག་ནག་པོ་འཁོར་ལོ་ཅན།། ཞེས་སྐྱེ་ཚུལ་གྱི་རང་བཞིན་གསལ་པོར་བསྟན་ཡོད་པ་འདི་ལྟར་དང༌། ལོ་སྡོང་ཡོངས་སུ་འབྱར་བག་གིས་བཟུང་ཡོད་པས་ན་དབྱར་དུས་འབུ་སྦྲང་མང་པོ་འབྱར་བག་ལ་འབྱར་ནས་འཆི་བཞིན་ཡོད་པར་བཤད། གཞན་བཙུན་མོ་སུར་སྣེལ་ཞེས་པ་དང༌། གཟའ་བདུད་དཀར་པོ་ཞེས་པ་འདི་གཉིས་ཀྱང་གཟའ་བདུད་ནག་པོར་འབྲེལ་བ་ཡོད་པའི་རིགས་ཤིག་ཡིན་མོད། གཟའ་དུག་ནག་པོ་དངོས་ནི་གོང་དུ་བཀོད་པ་ལྟར་ཁ་མཐོའི་རི་ལས་མ་གཏོགས་མི་སྐྱེ་བས་ན་ཕལ་ཆེར་བོད་ཡུལ་གཅིག་པུ་ཙམ་དུ་ཟད་དོ།།

༢༤། ཤ་མོ།   
(༩། ཕྱི་ལོ་༡༩༩༨།༣།༡ ཤོག་གྲངས་   སྐྱེ་དངོས་དང་སྲོག་ཆགས།)

ཤ་མོ་ལ་གསེར་ཤ་དང༌། དངུལ་ཤ། ཤ་མོ་སྨུག་པོ། ཤིང་གི་ཤ་མོ། ཀླུང་གི་ཤ་མོ། ལུས་ཀྱི་ཤ་མོ། གླང་ཤ་སྟེ་རིགས་བརྒྱད་ཡོད། དེ་ཡང་ཤ་མོའི་རིགས་རྣམས་རྩི་ཤིང་གཞན་དང་མི་འདྲ་བར་འབྲས་བུ་དང་ས་བོན་དམིགས་བསལ་གྱི་མེད་པ་མ་ཟད། ལོ་མ་དང་མེ་ཏོག འབྲས་བུ་ལ་སོགས་པའང་འདི་ཡིན་ཞེས་བརྗོད་རྒྱུ་མེད། ཤ་མོ་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་ཡོངས་རྫོགས་ཤ་རྒྱུའི་རང་བཞིན་ཅན་མཉེན་ལ་སྙི་བ་དང༌། རྩ་བ་སའི་གཏོང་རིང་བོར་མི་ཟུག ནམ་དུས་དང༌། ས་གཤིས་ཀྱི་དབང་གིས་ཁ་དོག་དང་སྐྱེ་དབྱིབས་སོགས་མི་འདྲ་བ་མེད། སྐྱེ་མཚར་མགྱོགས་ཤིང་རྒས་སླ་བ་བཅས་ནི་ཤ་མོ་སྤྱིའི་གཅིག་མཚུངས་རང་བཞིན་དུ་གྲུབ་ཡོད།  གསེར་ཤ་ཞེས་པ་ནི་སྤང་ཁ་མཁྲེགས་པོར་སྐྱེ་ཞིང༌། ཕྱིའི་ཁ་དོག་དཀར་ལ་ཅུང་སེར་ཉམས་ཡོད་པ། ངོ་བོ་མཉེན་ཞིང་ཉ་ཁྲབ་ཅན། ནང་དུ་གདུགས་རྩིབ་སུལ་མ་ཅན་མདོག་སེར་པོའམ་སྐྱར་རྩི་རིགས་སུ་སྦྲེལ་ཡོད། དངུལ་ཤ་སྐྱེ་ཚུལ་གོང་དང་འདྲ་ནའང༌། ཕྱི་ངོས་ཀྱི་ཁ་དོག་དཀར་རྐྱང་དང་ནང་ཅུང་ཟད་དམར། ཤ་སྨུག་པོ་ཡང་དབྱིབས་དང་སྐྱེས་ཚུལ་སྔར་དང་མཚུངས་ནའང༌། མང་ཆེ་བ་སྤང་ལ་གྲལ་ཕྲེང་བསྒྲིགས་ཏེ་སྐྱེ། ཤིང་གི་ཤ་མོ་ནི་ནགས་ཚལ་ཁྲོད་སྐྱེ་བ་དང༌། དབྱིབས་དང་ཁ་དོག་ཀྱང་གོང་མ་རྣམས་དང་མི་འདྲ་བར་མདོག་སྐྱ་བོ་དང༌། ཡང་ན་དུད་ཁ་ཅན་ཤ་སུལ་ཕྱུགས་ཀྱི་གྲོད་པུ་ལྟར་ཡོད། ཀླུང་གི་ཤ་མོ་རྩ་དང་ཤིང་གསེབ་གང་རུང་དུ་སྐྱེ་ཞིང༌། མདོག་ཁམ་དམར་དང་སེར་སྐྱ་ཅན། ནང་གི་ཤ་སུལ་རྩིང་ལ་དམར་སེར་ཅན་དུ་སྣང༌། ལུད་ཀྱི་ཤ་མོ་ནི་ལུད་ཕུང་དང༌། རྩིག་ཟུར་སོགས་ལས་སྐྱེ་བ་དང༌། ཁ་དོག་ཐལ་སྐྱ་དང་ཁམ་སྐྱ་སོགས་ཅི་རིགས་ཡོད་ཅིང༌། དབྱིབས་སྒོང་གཟུགས་དང་སྒོར་མོ་སྣ་ཚོགས་ཡོད་ལ་ཉིན་འགའི་རྗེས་མདོག་ནག་པོར་འགྱུར། གླང་ཤ་ནི་ཁ་མཐོའི་སྲིབ་ཀྱི་པུར་ནག་གི་གསེབ་དང་སྤང་སོགས་ལས་སྐྱེ་ཞིང༌། ཁ་དོག་ཁམ་སེར་ཅན་ལ་ནང་ངོས་སུ་སུལ་རིས་མེད་པར་ཤ་སྣལ་འདྲ་བ་སྙི་ལ་མཉེན་པ་ཞིག་ཡིན་ནོ།།

༢༥། ཤིང་མངར།     
(༥། ཕྱི་ལོ་༡༩༩༧།༡༡།༡ ཤོག་གྲངས་ སྐྱེ་དངོས་དང་སྲོག་ཆགས།)

ཤིང་མངར་ནི་ཐང་སྨན་གྱི་རིགས་ཤིག་སྟེ། ལོ་མ་སྔོ་ཞིང་ཆུང་ལ། རྩ་བ་སེར་ལ་རོ་མངར་བས་ཤིང་མངར་དུ་གྲགས། ཞི་རྗེས་བསིལ་ལ་སྙོམས། ནུས་པས་གློ་ནད་དང༌།རྩ་ནད། གྲེ་བའི་ཐོར་བ། སྐོམ་དད། སྐྱུག་པ་སོགས་ལ་ཕན། མིང་གི་རྣམ་གྲངས་ནི་གློ་གཉན། ལྕེ་ཁྲིས་རྩབ་ཤིང༌། རྩབ་མོ། རྩར་རྒྱུག རི་ཙི། གསེར་བཟང་ལྕུག་མ་དང༌།ལེགས་སྦྱར་དུ། མདྷུ་ཡཥ྄ཌི། བྷིའ་མ་མཱུ་ལ་དང༌། རྒྱ་ནག་ཏུ། ཐིམ་ཟི། ཐིལ་ཡི། ཝང་ཅིའུ། ཤུ་ཤུ་ཙུས་ཟེར། འདི་ལའང་རིགས་གསུམ་ཡོད་དེ། ལྡུམ་རར་སྐྱེས་པ་ཕོ་དང༌། ཆུ་འགྲམ་དང་བྱང་ཐང་ལ་སྐྱེས་པ་མོ། ནགས་ཤོད་ཀྱི་ཀླུང་འགྲམ་སོགས་སུ་སྐྱེ་བ་མ་ནིང་སྟེ་རིམ་པས་དམན་པ་ཡིན། ཕྱི་མ་འདི་ལ་ཝང་མོ་ཡང་ཟེར། འདིའི་བྱེད་སྒོ་ནི། འབྲུ་སྨན་དང་རྩ་སྨན་གྱི་རིཌ་སོཌ་དང་ཆབས་ཅིག་ཨ་རག་དང་སྦཌ་ཏེ་འཐུང་ན། ཕུང་ཁམས་ལ་མི་གནོད་པར་མ་ཟད་རིམས་ནད་སོཌ་འཇོམས་ཤིང༌། བྱིས་པ་རྣམས་ལ་འདིའི་ཁུ་བ་ཆུ་དང་བསྲེས་ནས་འཐུང་དུ་འཇུག་པ་ཡིན།།

༢༦། ཤིང་སྟག་པ།    
(༣། ཕྱི་ལོ་༡༩༩༧།༩།༡ ཤོག་གྲངས་   སྐྱེ་དངོས་དང་སྲོག་ཆགས།

ཤིང་སྟག་པ་ནི་མཐོ་སྒང་གི་ཤིང་ནགས་ཁྲོད་དུ་སྐྱེ་ཞིང༌། སྤྱིར་བཏང་གི་ཤིང་རིགས་དང་བསྡུར་ན་ལོ་མ་འབུས་སྔ་བའི་ཤིང་གི་རིགས་སུ་གཏོགས་ཤིང༌། འདིའི་ཕྱི་གཟུགས་དང་ལོ་འདབ་སོགས་ཙན་དན་དང་འདྲ་སྟབས། ཡོངས་གྲགས་སུ་བོད་ཀྱི་ཙན་དན་ཞེས་ཀྱང་འབོད་སྲོལ་ཡོད། ཤིང་སྟག་པ་འདི་བཞིན་རང་རེའི་འཚོ་བའི་ནང་བེད་སྤྱོད་ཆེ་བ་དཔེར་ན། སྟག་ཤུན་གྱིས་ཟས་སྣོད་དང་སྨྱུག་སྣོད་སོགས་བཟོ་བ་ཕུད། ད་དུང་ཐོང་གཤོལ་དང་ཐལ་ཁེམ། སྤོ་རྡུང༌། འདེད་ཤིང༌། སྒ་ཆས། གཞན་རང་རེའི་ལོ་རྒྱུས་ཐོག་དཔར་སྐྲུན་ལས་རིགས་ཀྱི་ཐོག་མ་དེའང་ཤིང་སྟག་པ་བེད་སྤྱོད་བཏང་བ་ལས་དར་ཁྱབ་བྱུང་ཡོད་པ་མིག་མཐོང་ལག་ཟིན་དུ་ཡོད་པ་འདི་ལྟར་དང༌། དེ་ཡང་ཤིང་སྟག་པ་ལ་ཤིང་རིགས་གཞན་དང་མི་འདྲ་བའི་ཁྱད་ཆོས་འགའ་ཡོད་པ་ནི། ཤིང་རིགས་གཞན་དང་བསྡུར་ན་མཁྲེགས་པོ་ཡིན་ལ། འཚོ་བའི་ཡོ་བྱད་སོགས་བཟོས་ཚེ་སྤྱོད་ཡུན་རིང༌།ཉར་ཚགས་བྱེད་སྟངས་ཀྱང་ཤིང་རིགས་གཞན་དང་གཏན་ནས་མི་འདྲ། ཤིང་འདིའི་པགས་པ་མ་བཤུས་པར་བཞག་ཚེ་རུལ་སྐྱོན་འབྱུང་སླ་ཞིང་བེད་མེད་དུ་འགྱུར་བ་ཡིན།སྤྱིར་སྟག་པ་ལ་སྟག་དམར། སྟག་དཀར། སྟག་ནག་སོགས་རིགས་དུ་མ་ཡོད་པ་ལས་ཉེར་སྤྱད་རིགས་བཟོ་བར་ཕལ་ཆེར་དབྱེ་བ་མེད།

དེ་ཡང་ལས་སྣོན་བྱེད་སྟངས་སྐོར་མདོར་བསྡུས་སུ་བཀོད་ན། ཤིང་སྟག་པའི་ཤུན་པའི་བཟོས་ཆོག་སྣོད་སྤྱད་རིགས་ནི་སྟག་ཤུན་རློན་པ་མཉེན་མོ་དེ་གང་དགོས་ཀྱི་དབྱིབས་སུ་བྱས་ཆོག་ཅིང༌། གཞན་སྒ་ཆས་སོགས་བཟོ་དགོས་རིགས་ལ། ཤིང་སྟག་པའི་སྡོང་པོ་བཅད་པའི་ཤུན་པ་གཙང་མར་བཤུས་ཏེ་རིང་ཐུང་དང་སྲབ་མཐུག་སྙོམས་པོ་བཟོས་རྗེས་ས་འོག་ཏུ་སྦེད་པ་དང༌། བསིལ་སྐམ་བྱེད་པ། ཆུར་སྦངས་པ་སོགས་བྱས་ནས་གས་ག་མ་ཤོར་བ་བྱས་རྗེས། གཞི་ནས་གང་དགོས་ཀྱི་ཡོ་བྱད་རིགས་བཟོ་བ་ཡིན། སྤྱིར་ཚོས་གཞི་བསྒྱུར་དགོས་རིགས་ཡིན་ན། དང་པོར་དུད་པ་བདུག་ནས་ནག་པོ་བཟོས་རྗེས་ས་འོག་ཏུ་འཇུག་པ་ནི་ཤིང་མདོག་དམར་སེར་ཡོང་ཐབས་ཡིན་པ་ངག་རྒྱུན་ལ་གྲགས།སྒ་ཆའི་འོག་ཤིང་དང་མཐོང་གཤོལ། དཔར་ཤིང་རིགས་བཟོ་བར་དུད་པ་བདུག་པ་དང་ཆུར་སྦངས་པ་སོགས་མི་བྱེད། རྟ་སྒ་བཟོ་བ་ལ་སྤྱིར་གནམ་འཁྱིལ་ཞེས་རང་བྱུང་གི་གུག་དབྱིབས་ཅན་ཡིན་ན་རབ་དང༌། དེ་ མིན་རབ་བྱུང་ན་"ན་ཆུ།" བྲུས་ནས་དེ་འོག་སྦེད་པ་དེ་ཡང་ལོ་འགར་བཞག་པ་ལས་བཟོས་པའི་རྟ་སྒ་ནི་མཆོག་ཏུ་བརྩི་ཞིང་སྤྱོད་ཡུན་རིང་བ་ཡིན། ཤིང་འདིའི་མིང་གཞན་ལ་གྲོ་ག་ཟེར་བ་ཡིན་ནོ།།

༢༧། ཤིང་སྟག་མ། ཨི་རྒྱོའུ།   
(༤། ཕྱི་ལོ་༡༩༩༧།༡༠།༡ ཤོག་གྲངས་   སྐྱེ་དངོས་དང་སྲོག་ཆགས།)

ཤིང་སྟག་མ་ནི་བོད་ཆོལ་ཁ་གསུམ་པོའི་ས་ཁུལ་ཡོངས་ཀྱི་མཚོ་ངོས་ལས་མི་ཊར་ ༣༥༠༠་་་་༤༤༠༠ བར་གྱི་ཤིང་ནགས་ཁྲོད་དུ་སྐྱེས་ཤིང༌། ལྗོན་ཤིང་གཞན་དང་མི་འདྲ་བར་གདགས་སྲིབ་གཉིས་ལས་སྲིབ་ཕྱོགས་ཁོ་ནར་སྐྱེ་བ། ལོ་འདབ་སྔོན་པོ་དབྱར་དགུན་དུས་ཚིགས་ལ་འགྱུར་བ་མེད་པའི་རྒྱུན་ལྗང་ཤིང་རིགས་ཤིག་ཡིན། ཚུལ་དེར་གཞིགས་ནས་བོད་ཞིང་འབྲོག་མི་དམངས་ཀྱིས་"དབྱར་དགུན་མེད་པའི་སྔོ་ལོ་"ཞེས་ཀྱང་འབོད། སྡོང་པོ་སྲ་མཁྲེགས་ཕྱི་ལྤགས་སྐྱ་བོས་ཕྱི་ནང་རིམ་པར་གཡོགས་པ་ཞིག་དང༌།ཡལ་ག་གསར་སྐྱེས་ཀྱི་དུས་སུ་སྡོང་པོའི་མདོག་ལྗང་སེར་ཡིན་ལ་ལོ་མ་ལྗང་ནག་ཅུང་མཐུག་ལ་ལོ་མའི་མཐའ་འཁོར་ཕྱི་ངོས་སུ་འཁྱིལ་ཙམ་ཡོད་པས་ཕར་བལྟས་ཚོད་ལ་ཝ་ཆུང་ཞིག་དང་འདྲ་པོ་ཡོད། ལོ་མ་ནི་ཚིགས་རྐང་ངེས་ཅན་ནས་བཞི་རེ་སྐྱེ་བ་ཞིག་ལས་ཐར་ཐོར་དུ་སྐྱེ་བ་ཞིག་མིན། མེ་ཏོག་ལ་དམར་པཽ་དང་དཀར་པོ་རིགས་གཉིས་བཞད་ཅིང་དེ་ཡང་བཞད་དུས་ནི་བོད་ཟླ་ལྔ་པ་དང་དྲུག་པར་ཡིན། མེ་ཏོག་གི་འདབ་མ་ནི་དྲིལ་དབྱིབས་ཅན་ལ་ཟེའུ་འབྲུ་ཛར་བུ་བརྒྱད་དགུ་ནས་བཅུ་གཉིས་སོགས་མང་པོ་ཚོམ་བུར་བཞད་པས་ཤིན་ཏུ་མཛེས་པ་ཞིག་ཡིན་པས། རོང་མཐའ་ཁག་ན་ལྡུམ་རའི་མཛེས་རྒྱན་དུ་སྤོ་འཛུགས་བྱེད་པའང་ཡོད། ཤིང་སྟག་མ་ནི་ས་བབ་དང་སྐྱེ་ཡུལ་གང་ལ་གཞིགས་ནའང་ཕལ་ཆེར་མཐོ་སྒང་གི་སྐྱེ་དངོས་ཡིན་ཕྱིར། བོད་ཁོ་ནར་དབང་བའི་སྐྱེ་དངོས་ཞེས་བརྗོད་ཀྱང་མི་ཆོག་པ་མེད་མོད། དུས་རབས་ཉི་ཤུ་པའི་མགོར་དབྱིན་དམག་གིས་བོད་དུ་བཙན་འཛུལ་བྱས་ཏེ་ཤིང་སྟག་མའི་ས་བོན་ནུབ་ཕྱོགས་ཡུལ་དུ་འཁྱེར་བའི་རྗེས་འབྲས་སུ་དེང་དུས་ནུབ་ཕྱོགས་པའི་ཡུལ་ལུང་མང་པོ་ན་འདེབས་འཛུགས་བྱེད་མུས་དང༌། ད་དུང་དེ་གའི་ཡུལ་གྲུ་འགའ་ན་ཤིང་སྟག་མའི་ནགས་ཚལ་ཀྱང་བསྐྲུན་ཡོད་པ་མཐོང་ཐོས་སུ་ཡོད་པ་འདི་ལྟར་ལགས་ཤིང༌། དེ་ཡང་སྤྱིར་འཛམ་གླིང་ཁོར་ཡུག་ལ་མཛེས་སྡུག་སྤྲོད་པའི་ཆ་ནས་ང་ཚོས་དབྱིན་དམག་གི་བྱས་ཉེས་ལ་བརྩི་མི་རུང་བའང་ཤེས་དགོས། ཤིང་སྟག་མའི་བེད་སྤྱོད་ནི་ལྷ་ཁང་མཆོད་ཁང་ནང་ནས་ཁྱིམ་ཚང་ཆུང་ངུའི་བར་དུ་ཁྱབ་ཡོད་པས་མཐའ་གཅིག་ཏུ་ངོ་སྤྲོད་ཆ་ཚང་བྱེད་དཀའ་ཡང༌། རྒྱུན་སྤྱོད་འཚོ་བའི་ཁྲོད་དུ་སྣོད་ཆས་འདྲ་མིན་བཟོ་བ་དཔེར་ན། ཞོ་ཁེམ་དང་ཐུར་མ། སྐྱོགས་ཐོམ། མར་སྒམ། ཤིང་ཕོར་སོགས་མཆོད་ཆས་དང་གཡོས་སྦྱོར་ལག་ཆའི་རིགས། ཞིང་འབྲོག་སོ་ནམ་ཡོ་བྱད་སོགས་བཟོ་བ་ཡིན་ལ། སྤྱིར་ཤིང་སྟག་མ་ནི་ཤིང་རྒྱུ་ལེགས་ཤིང་ཉེར་མཁོའི་ཡོ་བྱད་རིགས་བཟོས་ཚེ་ཚོས་གཞི་རང་བྱུང་ལྟ་བུར་ཡོད། དེ་ཡང་འཚོ་བའི་ཡོ་བྱད་སོགས་བཟོ་བར་ཆུར་སྦངས་པ་དང་སྣུམ་བཅོས་སོགས་བྱས་ནས་གང་མཁོ་ལྟར་མཉེན་འགུག་དང་བརྐོས་བཟོ་སོགས་བྱེད་ཅིང༌། སྤྱིར་བཏང་བརྐོས་བཟོ་བྱེད་པ་ལ་ཤིང་རློན་བེད་སྤྱོད་གཏོང་བ་དར་ཁྱབ་ཆེ། ཤིང་སྟག་མའི་མིང་ལ་"ཨི་རྒྱོའུ།"ཞེས་འབོད་པ་དང་"ཨག་ཆེན།" ཞེས་འབོད་པའང་ཡུལ་གྲུ་འགའ་ན་སྣང་ངོ༌།།

༢༨། ཤུག་པ། 
(༡། ཕྱི་ལོ་༡༩༩༧།༧།༡ ཤོག་གྲངས་   སྐྱེ་དངོས་དང་སྲོག་ཆགས།)

ཤུག་པ་ནི་བསིལ་དྲོད་སྙོམས་པའི་ས་ཁུལ་དུ་སྐྱེས་པའི་སྐྱེ་དངོས་ཀྱི་རིཊ་ཤིག་སྟེ། ཕལ་ཆེ་བ་ཉིན་སྲིབ་གཉིས་ལས་ཉིན་ཕྱོཊ་ནས་སྐྱེས། རང་རེ་བོད་རིཊ་ཀྱིས་ཤུག་པ་ལ་ལྷ་ཤིང་ཞེས་རྩ་ཆེན་ཞིག་ཏུ་བརྩི། ལྷ་ཁང་དང་མཆོདཁང་ནས་འཚོ་བའི་ཡོ་བྱད་ཚུན་ཆད་ནང་ཤུག་པའི་ཉེར་སྤྱད་རིཊ་ཧ་ཅང་མང༌། རྒྱུན་སྲོལ་འཚོ་བའི་ནང་བེད་སྤྱོད་བྱེད་པ་ཕུད། ཤུག་པ་ནི་བསང་ཤིང་གི་རིགས་ཤིག་སྟེ། བོད་མིའི་བཤད་རྒྱུན་ལ། ཤུག་པ་མང་ན་མི་དགའ།།བསང་རྩི་མང་ན་ལྷ་དགའ།།ཞེས་ཀྱང་ཟེར། ཤུག་པ་ལས་རིགས་བདུན་ཙམ་ཡོད་པ་ནི། ལྷ་ཤུག རྒྱ་ཤུག འབྲི་ཤུག གཡག་ཤུག ཤུག་པ་ཚེར་མ་ཅན། ཤུག་པ་དུ་རུ་ཁ། ཤུག་ལེབ་བཅས་ཡིན། མིང་གི་རྣམ་གྲངས་ལ་བརྒྱ་བྱིན་རྐང་འཐུང་དང༌།བདུག་སྤོས་ཤིང༌། མདའ་འཛིན། འོད་ཟེར་འདབ་ཅན། ཡོངས་བཟང་ཅན་བཅས་ཟེར། ཤུག་པ་ནི་སྤོས་རིགས་ཀྱི་སྦྱོར་བའི་ནང་མཁོ་གལ་ཆེ་བ་ནི་ཙན་དན་དང་འདྲ་བར་རྒྱུགས་ཆེ། བྱིས་པ་བཙས་མ་ཐག་པའི་ལྟེ་ཐག་གཅོད་དུས་ཤུག་པའི་བཟོས་བའི་ལྟེ་ཤིང་བེད་སྤྱོད་བྱེད་པའི་སྲོལ་དེ་དེང་སང་ཡང་མདོ་སྨད་ཁུལ་དུ་དར་ཆེ། ཤུག་པའི་འབྲས་བུ་ནི་སྨན་རྫས་ཤིག་སྟེ། མཁལ་མ་དངབསམ་སེའུ་ནད་རིགས་ལ་ཕན། གོང་དུ་ཤུག་པ་རིགས་དྲུག་ལས་ཚེར་མ་ཅན་གྱི་ཤུག་པ་ནི་རོ་ཁ་ལ། ཞུ་རྗེས་བསིལ། ནུས་པས་མཁལ་མར་ཚ་བ་ཞུགས་པས་མཁལ་རྐེད་ན་བ་དང༌། རྣ་བ་འུར་བ། རྐང་ལག་རེངས་ཤིང་འཁུམས་པ། ལུས་ནས་ཆུ་སེར་འཛག་པ་དང་ལྷོད་པའི་ནད་རིགས་སོགས་ལ་ཕན། ཤུག་པ་ཚེར་མ་ཅན་ལའང་རྣམ་གྲངས་ལ་རྒྱ་ཤུག་པ་དང༌། སྤ་མ། བ་ད་ར། འབྲོག་རྩེ་སྔོན་པོ། གཡུ་འབྲུག་ཟེ་བ་བཅས་ཟེར་ཞིང༌། ཤུག་པ་དུ་རུ་ཁ་ནི་ཐེའུ་རང་གི་གནོད་པ་སེལ་བྱེད་ཀྱི་རྫས་གལ་ཆེན་ཞིག་ཡིན། མདོར་ན་ཤུག་པ་ནི་མི་གཙང་དམ་གྲིབ་སོགས་སེལ་བར་བྱེད་པའི་རྫས་མཆོག་ཞིག་སྟེ། ངག་སྒྲོས་ལའང༌། འབྲུ་ཤུག་སྔོན་མོས་མ་བསང་མེད།། རྫ་ཆུ་བསིལ་མས་མ་དག་མེད།། ཟེར་བ་ལྟར། སྟེང་གྲིབ་གཟའ་གདོན་སོགས་ཀྱི་གནོད་པ་སེལ་ཞིང་མིའི་བླ་སྲོག་གཙང་བཟོ་བྱེད་ཐུབ་པའི་སྐྱེ་དངོས་ཡ་མཚན་ཅན་ཞིག་ཡིན་ནོ།།

༢༩། སྲན་མ།  
(༥། ཕྱི་ལོ་༡༩༩༧།༡༡།༡ ཤོག་གྲངས་ སྐྱེ་དངོས་དང་སྲོག་ཆགས།)

སྲན་མ་ནི་གྲོ་ནས་སྲན་གསུམ་མམ་འབྲུ་རིགས་སྣ་ལྔ་ཞེས་པའི་ཡ་གྱལ་དུ་བགྲང་ཡོད་ལ། དེ་ནི་འབྲུ་རིགས་གཞན་རྣམས་དང་སྒོ་ཀུན་ནས་མཚུངས་པར་མི་ཕྱུགས་གཉིས་ཀྱི་བཟའ་ཆས་སུ་གཉེར་བར་མ་ཟད། གྲོ་ནས་སོགས་ཟས་སྣ་གཞན་དང་མཉམ་བསྲེས་བྱས་ཏེ་བེད་སྤྱོད་གཏོང་སྲོལ་ཡང་ཆེས་སྔ་མོའི་དུས་ནས་ཡོད་ཅིང་མི་རྣམས་ཀྱིས་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ལྟ་བུ་ཞིག་ཏུ་བརྩི་སྲོལ་ཡང་ཡོད། དེར་བརྟེན་སྲན་མ་ནི་རང་རེ་བོད་ལྟ་བུའི་མི་རིགས་ཤིག་ལ་མཚོན་ནའང་འཚོ་བའི་ཁྲོད་བེད་སྤྱོད་མང་ལ་དགའ་སྣང་ཅུང་ཆེ་བར་མཐོང༌། དེ་ཡང་ས་གཤིན་བཟང་སར་སྐྱེ་འཕེལ་མགྱོགས་ལ་ཐོན་ཁུངས་ཀྱང་ལེགས་པར་མ་ཟད། ལོ་རེའི་སྲན་མ་བཏབ་པའི་ཤུལ་དེ་ས་གཤིས་བཟང་ཤོས་སུ་བརྩིས་ཏེ་ལོ་རྗེས་མར་གྲོ་ནས་སོགས་འབྲུ་རིགས་གཞན་འདེབས་པར་བྱེད་པ་ལ་རྒྱུ་མཚན་ཡང་དག་བཤད་དུ་ཡོད་དེ། སྲན་མའི་རྩད་པ་དང་གཞུང་རྟ་སོགས་སྙིགས་མ་རུལ་བ་དག་གིས་ལུད་རྫས་ཀྱི་གོ་ཆོད་པས་དེ་དག་ཆེར་མི་དགོས་པའི་རྒྱུ་མཚན་གྱིས་སོ།། དེའི་ཕྱིར་སོ་ནམ་ལ་མཁས་པ་ཞིག་ཡིན་ཕྱིན་ལོ་དང་པོར་སྲན་མ་གང་རུང་བཏབས་ན་ལོ་དེའི་རྗེས་ཏག་ཏག་ལ་འབྲུ་རིགས་གཞན་ཡིན་གཅིག་མིན་གཉིས་འདེབས་ངེས། དེ་ལ་དབྱེ་ན་སྲན་མ་དཀར་རྡང་དང༌། སྲན་མ་ནག་རིལ། སྲན་མ་དཀར་རིལ་སོགས་མང་ཞིང༌། དབྱིབས་ཀྱི་ཆ་ནས་བཤད་ན་སྲན་མ་དཀར་རྡང་ལེབ་མོ་སྟེ་མཐེ་བོང་དང་འདྲ་ལ་ཅུང་ཆེ། གཞན་གཉིས་དབྱིབས་ཟླུམ་ཞིང་སྲན་མ་དཀར་རྡང་ལས་ལྡབ་མང་པོས་ཆུང༌། གཞན་ཡང་སྲན་མ་དཀར་རིལ་ནི་སྦྱིན་སྲེག་སོགས་ཀྱི་རྫས་སུ་ཉེ་བར་མཁོ་བའི་སྨན་རྫས་ཤིག་ཀྱང་ཡིན་ནོ།།

༣༠། གསོམ་སྡོང༌།
(༧། ཕྱི་ལོ་༡༩༩༨།༡།༡ ཤོག་གྲངས་ སྐྱེ་དངོས་དང་སྲོག་ཆགས།)

ཤིང་སྡོང་འདི་ནི་རང་རེའི་བོད་ཡོངས་ཀྱི་ས་གནས་ག་ས་གར་སྐྱེས་ཡོད་པ་མ་ཟད། རྒྱུན་དུ་ཁ་དོག་ལ་འགྱུར་བ་མེད་པར་ལྗང་མདོག་ལྡན་པ་ཞིག་ཡིན། འདི་ལ་སྐྱེས་སྟོབས་ཆེ་ཞིང་སྐྱེ་གཟུགས་དྲང་བས། མཐོ་ཚད་ལ་འདོམས་པ་ལྔ་ནས་དགུ་ཙམ་ཟིན། ཕྱི་ཤུན་གྱི་མདོག་སྐྱ་ཞིང་མཐུག་ལ་ཕྱིའི་རི་མོ་རྣམས་ཉ་ཁྲབ་ལྟར་ཡོད་པ་དང༌། བར་དུ་ཐང་ཆུ་འཛགས་བཞིན་ཡོད། ཐང་ཆུ་ནི་ལོ་དུ་མར་བསྙལ་ནས་རྒྱན་ཆ་བཟོ་སྲོལ་དང༌། ཕན་ཚུན་བསྲེས་ནས་སྦྱར་རྩི་བཟོ་བ། གཞན་སྨན་གྱི་རིགས་ཤིག་ཀྱང་ཡིན་ཟེར།

ཤིང་སྡོང་འདིའི་སྐྱེས་དབྱིབས་ནི་རྩ་བ་སྦོམ་ཞིང་རྩེ་མོ་ཅུང་ཕྲ་བས་མཆོད་རྟེན་གྱི་དབྱིབས་དང་འདྲ་ལ། ཡལ་ག་རྣམས་ཀྱང་ཕན་ཚུན་སྡེབ་པ་ལྟར་གཞུང་རྟའི་ཕྱོགས་ཀུན་ལ་རེས་མོས་སྐྱེས་ཡོད། ལོ་མ་ནི་ཤིང་སྡོང་གཞན་གྱི་ལོ་མ་ལྟར་སྒོར་སྒོར་དང་ལེབ་ལེབ་མ་ཡིན་པར་དབྱིབས་ཕྲ་ཞིང་རྩེ་རྣོ་བ་ཁབ་དང་འདྲ།

ཤིང་འདིའི་རང་བཞིན་ནི་ཤིང་གཞན་ལས་ཅུང་སྙི་ཞིང་རི་མོ་ཕྱི་ནང་བྱས་ཏེ་ཡོད། ང་ཚོས་ཤིང་ཆས་ཁྲོད་དུ་བེད་སྤྱོད་ཆེ་ཤོས་ཤིག་ཡིན། ཁང་བ་སོགས་རྒྱག་དུས་གདུང་མ་དང༌། ཀ་བ། ལྕམ་དྲལ་སོགས་དང༌། གཞན་ཅོག་ཙེ་དང་རྐུབ་སྟེགས་སོགས་ཀྱང་བཟོ་གྱིན་ཡོད། དེ་ལྟར་སྲ་མཁྲེགས་ཀྱི་ས་གཞིར་སྐྱེས་སྟོབས་ཀྱིས་བརྟོལ་ནུས་པའི་གསོམ་སྡོང་ནི་ང་ཚོ་གངས་ལྗོངས་སུ་བེད་སྤྱོད་ཆེ་ཤོས་ཀྱང་ཡིན་ལ་ཤིང་རིགས་མོད་ཤོས་ཀྱང་ཡིན་ནོ།།

No comments:

Post a Comment