Search This Blog

Tuesday, May 10, 2011

17 དབྱར་རྩྭ་དགུན་འབུ།


[ ཆོས་དཔལ་བཟང་བོ། ] [ 2011-4-24 ]

"སེམས་ཀྱི་དག་ཁྲུས་"ཟིན་བྲིས་ལས་བཏུས།


༄༅།། དབྱར་རྩྭ་དགུན་འབུ་དང་འབྲེལ་བའི་གླེང་མོལ་ལུག་རྫི་རྒན་པོའི་བསླབ་བྱ།
             
དང་པོ། རྩོམ་ཡིག་འདི་འབྲི་བའི་དགོས་པ་དང་དེའི་གྲུབ་ཚུལ་སྐོར་གླེང་བ།
དབྱར་རྩྭ་དགུན་འབུ་(གཤམ་ནས་དབྱར་རྩྭ་ཞེས་བསྡུས་འབྲི་བྱེད་རྒྱུ་ཡིན)འདི་བོད་རང་ས་ནས་ཐོན་པའི་སྨན་རྩྭ་ཞིག་ཡིན་པ་དང་། དེང་སང་མདོ་དབུས་ཁམས་གསུམ་གྱི་ཞིང་འབྲོག་མང་པོ་ཞིག་གི་འཚོ་རྟེན་གཙོ་བོ་ལྟ་བུར་གྱུར་ཡོད་པས་དེ་དྲང་ཕྱོགས་ནས་ཁྱབ་སྒྲོག་བྱས་ན་ཁེ་ཕན་ཐོབ་མཁན་གཙོ་བོའང་བོད་པ་རང་ཉིད་དུ་འདུག་གཤིས་འདིའང་མི་རིགས་ཀྱི་སྲི་ཞུ་ཞིག་ཏུ་སེམས་ཡོད་ལ། གལ་ཏེ་ང་རང་གིས་མ་མཐོང་བ་མིན་ན་དེ་སྔོན་ནི་སྨན་པ་ཁ་ཤས་ཀྱིས་དབྱར་རྩྭའི་ཕན་ནུས་དང་སྐྱེ་ཡུལ་ཙམ་བྲིས་པ་ལས་མ་ལག་ཚང་བའི་རྩོམ་ཡིག་ཞིག་སྤེལ་མྱོང་མེད་པ་འདྲ།  ལྷག་པར་ཏུ་དེའི་ཚོང་རའི་ཐད་ལ་ཞིབ་འཇུག་བྱེད་མཁན་ཤིན་ཏུ་ཉུང་ཉུང་ཡིན་པས། ཁོ་བོས་འདིར་ཕྱོགས་སོ་སོའི་ཐད་ནས་གླེང་སློང་ཙམ་བགྱི་བསམ་པ་ལས་སྔོན་ཆད་མེད་པ་ཞིག་གི་སྟོང་ཆ་བསྐང་བ་དང་ཡོད་པ་གང་ཞིག་ལ་ཁ་གསབ་ཀྱི་ཆེད་དུ་ཡིན་ཞེས་བཤད་མི་ཕོད་ལ། འདིས་རྔོ་ཅི་ཐོགས་མིན་གྱི་ཐད་ལ་གདེང་ཚོད་ཆེན་པོ་མེད་པ་ངའི་ཁ་ཁོག་མེད་པའི་སྐད་ཆ་ཡིན།

རྩོམ་ཡིག་འདིའི་གྲུབ་ཚུལ་གྱི་ཐད་ནས་བཤད་ན་གཙོ་བོ་ཤར་མི་ཉག་སྐྱ་ཀེ་གྲོང་བའི་ལོ་ངོ་བཅུ་ཕྲག་གཉིས་ཕྱེད་ཀྱི་རིང་ལ་འབུ་ཚོང་རྐྱང་རྐྱང་བརྒྱབས་ཤིང་། དེས་ཕམ་ཁའང་ཁུར་མ་མྱོང་བའི་ཚོང་དཔོན་ལྷག་པ་བཀྲ་ཤིས་ལགས་ལ་བཅར་འདྲི་བྱས་པ་ལས་གྲུབ་པ་ཡིན་ལ། ད་དུང་བོད་ཀྱི་གསོ་རིག་གི་ཉིང་བཅུད་རྒྱུད་བཞི་དང་མན་ངག་བྱེ་བ་རིང་བསྲེལ། འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་། སྨན་རིས་གསལ་བའི་མེ་ལོང་། བོད་སྨན་རྩི་ཤིང་རིག་པ་སོགས་རྩ་ཆེའི་སྨན་ཡིག་ལ་གཞི་བཅོལ་ཡོད་ཅིང་། དེ་མིན་རྒྱ་སེར་གྱི་རྩོམ་པ་པོ་ཏེན་ནོལ་བེན་ཁུལ་ལིར་དང་ནང་ལོག་གི་རྩྭ་མཆོག་དྲ་བས་སྤེལ་བའི་དབྱར་རྩྭ་དང་ཁོར་ཡུག་སྐོར་གྱི་ཆེད་རྩོམ་ཞིག དེ་བཞིན་ཝིན་རོག་རྒྱལ་སྤྱིའི་འཕེལ་རྒྱས་ལྟེ་གནས་ཀྱིས་༢༠༠༩ལོར་སྤེལ་བའི་དབྱར་རྩྭ་དང་ཁོར་ཡུག་ཅེས་པའི་དེབ་ཆུང་དང་། རང་ཉིད་ཆེད་དུ་སོང་ནས་དབྱར་རྩྭའི་ཞོར་ལས་བ་སོགས་ནས་རྒྱུས་ལོན་བྱས་པའི་གནས་ཚུལ། གཞན་དགོས་དགུ་འཚོལ་ཆས་དང་བརྒྱ་འཚོལ་སོགས་ལས་རྙེད་པའི་བོད་རྒྱ་གཉིས་པོའི་རྩོམ་ཡིག་འགའ་བཅས་ལས་རྒྱུས་ལོན་བྱུང་བའི་ཤེས་བྱ་དག་ལ་གཞི་བཅོལ་ནས་གྲུབ་པ་ཡིན་ནོ། །

གཉིས་པ། དབྱར་རྩྭའི་སྐོར་གྱི་ལྷ་སྒྲུང་།
སྔ་རབས་ཀྱི་མེས་པོ་དག་ནི་སྒྲུང་རྡེའུ་བོན་གསུམ་གྱིས་བསྐྱངས་བས་ཁོང་ཚོ་རང་བྱུང་ཁམས་ཀྱི་སྐྱེ་དངོས་ཡོད་ཚད་སྒྲུང་གི་རྣམ་པས་འགྲེལ་བཤད་རྒྱག་པར་དགྱེས་ཤིང་། ཐབས་ལམ་འདིས་བོད་མི་མང་པོ་ཞིག་གི་སེམས་ལ་དངོས་ཤུགས་གང་རུང་གིས་བག་ཆགས་མི་དམན་པ་བཞག་ཡོད་པས། རང་བྱུང་ཁམས་ཀྱི་སྲུང་སྐྱོབ་དང་སྐྱེ་ཁམས་ཁོར་ཡུག་གི་སྙོམ་སྒྲིག ལས་འབྲས་བསླུ་བ་མེད་པའི་ངོས་ཟིན་སོགས་ལ་མཛད་རྗེས་བླ་ན་མེད་པ་བཞག་ཡོད་ན། ངས་ཀྱང་འདིར་སྔོན་བྱོན་དམ་པ་རྣམས་ཀྱི་ཞལ་གསུངས་དྲི་མ་མེད་པ་གཙིགས་སུ་བཟུང་ནས་གླེང་བར་བྱ་རྒྱུ་ཡིན་ཏེ། དེ་ཡང་དབྱར་རྩྭ་ཞེས་པའི་མགོ་བོ་རྩྭ་ལ་ལུས་ཕུང་ཤ་ཡིས་གྲུབ་པའི་སྲོག་ཆགས་དེ་ནི་སྔོན་གྱི་དུས་ཤིག་ན་རྒན་མོ་ཞིག་གིས་ཡོས་བརྔོ་བཞིན་པའི་སྐབས། དེར་རྣལ་འབྱོར་བ་ཆེན་པོ་ཞིག་བསོད་སྙོམ་དུ་ཕེབས། རྒན་མོ་དེས་སྦྱིན་པ་སྟེར་བ་ལྟ་ཅི། མོས་ལག་ཏུ་བཟུང་བའི་ཡོས་ཐོ་ཡིས་རྣལ་འབྱོར་བའི་དབུ་ལ་ལན་གཅིག་གཞུས་ཤིང་བདས་པའི་རྣམ་སྨིན་གྱིས། མོ་རང་གི་སྐྱེས་རབས་ཀྱི་ཕྲེང་བ་ཀུན་དུ་མགོ་ལ་ཡོས་ཐོའི་རྣམ་པའི་རྩྭ་སྐྱེ་བའི་སྲིན་འབུ་ལས་ངན་ཞིག་གི་སྐྱེ་བ་བླངས་སོང་བ་ཡིན་པས། དབྱར་རྩྭ་འདི་བརྐོས་ན་རྒན་མོ་ཞིག་བསད་པའི་སྡིག་པ་ཡོད་ཅིང་། རྒན་མོ་ཞིག་བསད་པའི་སྡིག་པ་ནི་ཆོས་གཞུང་ལ་ལར་དགེ་སློང་ཚད་ལྡན་ཞིག་བསད་དང་ཁྱད་པར་མེད་ཅེས་བཤད་ཡོད་ཅེས་འདུག ཡང་སྒྲུང་གཏམ་གཞན་ཞིག་ཏུ་དབྱར་རྩྭ་ནི་དང་པོ་ཕྱུག་པོ་ཚང་གི་བུ་གཉིས་བུད་ཤིང་འཐུ་རུ་སོང་ཚེ། བུ་ཆུང་བ་དེ་གྲོག་རོང་ཞིག་ཏུ་ལྷུང་བས་ཁོས་ཅི་ལྟར་གྱིས་སྲོག་སྐྱོབ་རོགས་ཅེས་བོས་ཀྱང་། བུ་ཆེ་བ་དེའི་སེམས་ལ་ནུ་བོ་འདི་མ་ཡོད་སྔོན་ཕ་མ་གཉིས་ཀྱིས་ཁོ་རང་ཤིན་ཏུ་གཅེས་རུང་། ནུ་བོ་འདི་སྐྱེས་པ་ནས་དེ་ཙམ་མི་གཅེས་པར་གྱུར་སོང་། གལ་ཏེ་འདི་མེད་ན་ཁོ་རང་སྔར་ལྟར་གཅེས་པར་བསམ་ནས་མ་ཚོར་བའི་ཚུལ་གྱིས་ཕྱིར་ཁྱིམ་དུ་ལོག མཐར་བུ་ཆུང་བ་དེ་གྲོག་རོང་ནས་མི་གེར་ཤི་སོང་ལ། ཤི་ཁར་ཁོ་བོ་འཇིག་རྟེན་མིའི་རིགས་ལ་ཞེན་པ་ལོག་ཅིང་། སྨོན་ལམ་ལོག་འདེབས་ཀྱིས་རང་ཉིད་སྲོག་ཆགས་གདུག་པ་ཅན་ཞིག་གི་སྐྱེ་བ་བླངས་ཤིང་། དེས་མིའི་རིགས་ལ་གནོད་པ་བྱས་ནས།  ཁོང་ཚོར་འདུག་སའི་གཞི་མེད། འགྲོ་སའི་གནས་མེད་པ་ཞིག་ཏུ་བསྒྱུར་ཐུབ་པར་སྨོན་ཅེས་སྨོན་ལམ་བཏབས་ཡོད་པས། དེའི་སྡིག་སྒྲིབ་ཀྱིས་བུ་ཆུང་བ་དེའི་སྐྱེ་བ་གཞུག་མ་དང་གཞུག་མའི་ཚེ་རབས་ཀུན་དུ་དགུན་ཁ་གྲང་འཁྱགས་དང་ཁ་བའི་ཁྲོད་དུ་འབུ་ལུས་བླངས་ཤིང་གྲང་དམྱལ་གྱི་སྡུག་བསྔལ་མྱོང་དགོས་ལ། དབྱར་ཁ་ས་ཤུན་གྱི་པགས་པ་མགོ་བོས་ཕུག་པའི་ན་ཟུག་གི་རྗེས་སུ་མཐོ་སྒང་ཉི་མའི་ཚ་དྲོད་ཀྱིས་བསྲེག་ལ་ཁད་དང་གཞོམ་ལ་ཁད་བྱེད་པའི་ཚ་དམྱལ་གྱི་སྡུག་བསྔལ་མྱོང་དགོས་པར་བཤད། མིའི་རིགས་ཀྱིས་འདི་དག་གསོད་དགོས་པར་སྣང་བ་ནི་ནུ་བོས་སྨོན་ལམ་གྱི་མཐུ་ཕོག་པས་ཡིན་ལ། འདིས་མིའི་རིགས་ཀྱི་ཧམ་སེམས་རྒྱས་སུ་བཅུག་སྟེ་མཐར་ཁོར་ཡུག་ལ་ཕོག་ཐུག་བཏང་ཞིང་ས་འགུལ་དང་ཆུ་ལོག་གི་རྒྱུན་མི་འཆད་པ་འབྱུང་བ་དང་། དབྱར་རྩྭ་འདི་བརྐོས་ན་ནི་སྲོག་ཆགས་འབུ་ཞིག་བསད་དང་ཁྱད་པར་མེད་ཅིང་། ཆོས་གཞུང་དག་དུ་སྲོག་ཆགས་གཅིག་གི་སྲོག་བཅད་ན་དེའི་གཟུགས་ཕུང་གི་ཆེ་ཆུང་ལ་ཁྱད་མེད་པར་སྲོག་ལན་ལྔ་བརྒྱས་འཇལ་དགོས་པའི་རྣམ་སྨིན་བརྗོད་དུ་ཡོད་པར་བཤད། གཞན་ཁྱུང་པོ་ཚེ་རིང་དཔལ་རྒྱལ་གྱིས་གངས་ལྗོངས་གླེང་སྟེགས་ནང་བཀོད་པའི་དབྱར་རྩྭའི་སྐོར་གྱི་རྩོམ་ཞིག་གི་ནང་དུས་རབས་ཉི་ཤུ་པའི་དུས་མགོར་བྱོན་པའི་ཁམས་ཁུལ་གྱི་གྲུབ་དབང་བཟོད་པ་རྒྱལ་མཚན་གྱིས་རྩྭ་འབུ་འདི་བརྐོས་པ་ནི་བཙུན་རྒན་ང་བསད་པ་དང་ཁྱད་པར་མེད་ཅེས་གསུངས་མྱོང་ཡོད་པར་གྲགས་ཞེས་བྲིས་འདུག གང་ལྟར་དབྱར་རྩྭ་དེ་སྔོན་ཆད་རྒན་མོ་ཞིག་ཡིན་ནམ་བྱིས་པ་ཞིག་ཡིན། དེ་དག་བསད་ན་སྡིག་སྒྲིབ་ཅི་འདྲ་ཞིག་ཡོད་པ་སོགས་ང་ལྟ་བུས་ཁ་ཚོན་ཆོད་པ་ཞིག་རྩ་བ་ནས་མིན་རུང་། ངས་ནི་གོང་དུ་བཤད་ཟིན་པ་བཞིན་སྒྲུང་གཏམ་དེ་རིགས་ཀྱིས་མིའི་རིགས་ལ་ལས་འབྲས་བསླུ་བ་མེད་པ་དང་། ཚེ་སྲོག་གི་ཐད་ནས་ཚང་མ་འདྲ་མཉམ་ཡིན་པ། རང་བྱུང་ཁོར་ཡུག་ལ་གཏོར་བཤིག་བྱ་མི་རུང་བ་སོགས་ཀྱི་ཐད་ལ་བྱས་རྗེས་བླ་ན་མེད་པ་བཞག་ཡོད་ཅེས་གདེང་འཇོག་ཚད་མཐོན་པོ་བྱེད་ངེས་ཡིན་ནོ།

གསུམ་པ། སྨན་གཞུང་དུ་བཤད་པའི་དབྱར་རྩྭའི་བྱུང་བ།
འོ་ན། ཚན་རིག་པ་དང་བོད་ཀྱི་གསོ་རིག་གི་མཁན་པོ་དག་གིས་ཅི་ལྟར་གསུངས་འདུག་ཅེ་ན། དབྱར་རྩྭ་དེ་མེ་ལྕེབ་ཕྱེ་ལེབ་རིགས་ཀྱི་འབུ་ཕྲུག་ས་གཏིང་དུ་ཡོད་པའི་ལུས་ལ་དུག་སྲིན་ཞུགས་ནས་ཤི་བའི་ལུས་སླར་ཡང་སྐྱེ་དངོས་ཀྱི་རྩྭ་རུ་གྱུར་ཅིང་སྐྱེས་པ་ཡིན་པ་དང་། མཐོ་སྒང་གི་གནམ་གཤིས་དང་ཁོར་ཡུག་གི་དབང་གིས་མེ་ལྕེབ་ཕྱེ་ལེབ་རིགས་ཀྱི་འབུ་ཕྲུག་གི་བརྒྱ་ཆ་སུམ་ཅུ་ཡས་མས་རྩྭ་རུ་འགྱུར་བའི་ཉེན་ཁ་ཡོད། རྩྭ་རུ་གྱུར་ན་མཐོ་སྒང་ནས་ཉིན་མོ་ཉི་མའི་འཆར་ཡུན་རིང་བ་དང་མཁའ་དབུགས་གཙང་བ། རང་བྱུང་ཁམས་ཀྱི་ཐོན་ཁུངས་མོད་པ་སོགས་ཀྱིས་འཚོ་བཅུད་མང་པོ་བསྡུ་ལེན་བྱེད་ནུས་ཤིང་། དགོང་མོ་གྲང་ངར་ཆེ་བས་ཟུངས་བཅུད་ཕྱི་རུ་མི་འཆོར་བར་རང་སར་གསོག་ཉར་བགྱི་བ་ཡིན་པས་སྨན་རྩྭ་འགེངས་ཆེན་དུ་འགྱུར་བར་བཤད་ཡོད་ལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་ཏུ་བསྐྲུན་པའི་སྨན་རིས་གསལ་བའི་མེ་ལོང་དུ། ཤ་མོའི་རིགས་འདི་ནི་ཕ་ཝང་གི་སྡེར་གཏོགས་པའི་སྲིན་བུ་ཆ་གའི་རིགས་ཤིག་ལ་གཞན་བརྟེན་བྱས་པ་རེད། དགུན་ཁར་ཤ་མོའི་རིགས་ཉག་མ་སྐུད་པ་ལྟ་བུ་དེ་ས་འོག་ན་ཡོད་པའི་འབུ་ཕྲུག་གི་ལུས་ལ་ཞུགས་ནས་བཅུད་བཞིབས་ཏེ། འབུ་ཕྲུག་གི་ལུས་ཡོངས་ལ་ཤ་མོས་ཁྱབ་ནས་ཤི། དབྱར་ཁར་ཤ་མོའི་རིགས་དེ་སྐྱེས་ནས་ས་ཁར་ཐོན། རྟིང་བ་ས་འོག་ཏུ་འབུ་ཕྲུག་གི་ལུས་ལ་འབྲེལ་ཡོད། ཅེས་བྲིས་འདུག་ཅིང་། གཞན་ཆབ་མདོ་ས་ཁུལ་སྨན་རྩིས་ཁང་གིས་བསྒྲིགས་པའི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་དང་སློབ་དཔོན་ཐུབ་བསྟན་ཕུན་ཚོགས་ཀྱིས་རྩོམ་བསྒྲིགས་བྱས་པའི་གངས་ལྗོངས་ཚིག་མཛོད་ཆེན་མོ་གཉིས་ཞལ་གཅིག་མཐུན་གྱིས། རྩྭ་ད་བྱིད།   དབྱར་རྩྭ་དགུན་འབུ་འདི་རང་ལྗོངས་ཀྱི་སྨི༤༣༠༠ནས་༥༠༠༠བར་གྱི་འབྲོག་ཁུལ་གང་དུའང་ཐར་ཐོར་ཡོད་ཅིང་། མང་ཆེ་བ་ཁ་མཐོའི་སྲིབ་རིའི་སྤང་དུ་འཁྲུངས་ཤིང་ལོ་གཅིག་སྐྱེ་བའི་རྩྭ་རིགས་ཏེ། ཐོག་མར་དགུན་དུས་འབུ་མེ་ལྕེབ་ཕྱེ་ལེབ་རིགས་ཀྱི་འབུ་ཕྲུག་ས་གཏིང་དུ་ཡོད་པའི་ལུས་ལ་དུག་སྲིན་ཞུགས་ནས་ཤི་བའི་ལུས་སླར་ཡང་སྐྱེ་དངོས་ཀྱི་རྩ་རུ་གྱུར་ནས་སྐྱེས་པ་ཡིན་པས། ཤ་རྒྱུའི་རྩ་བ་ཕྱི་སེར་ལ་ནང་དཀར་བ་འཕྲེད་གཉེར་དང་ལྡན་པ། མགོ་དང་ཁ་ཡོད་པར་མ་ཟད་ལྟོ་བར་རྐང་ལག་ཆ་བརྒྱད་ཡོད་པ་སོགས་འབུ་ཡི་ལུས་ཇི་ལྟ་བ་ལ། ལྟག་པའི་རྒྱུད་དུ་སྤུ་ཐུང་ནག་ཞིབ་ཐར་ཐོར་ཡོད་པ། ལུས་ཚད་ཕལ་ཆེར་སྨི༠་༠༥ནས་༠་༠༥ཙམ་ཟིན་པ་སའི་ནང་དུ་ཐད་ཀར་ཟུག་པ་དང་། ཟླ་༥པ་ནས་༦པའི་བར་ས་ངོས་སུ་སྡོང་པོ་རྫ་སྨུག་གམ་ཁམ་ནག་སྟོད་སྦོམ་ཞིང་སྨད་ཕྲ་བ་ནང་ཤ་དཀར་པོ་ཅན། ཚད་སྨི་༠་༠༣ནས་༠་༠༦ཙམ་ཟིན་པ་མངོན་པ་དེ་འབུ་ལ་རྭ་སྐྱེས་པ་དང་འདྲ་བས་ཕལ་གྱིས་འབུ་རྭ་ཞེས་ཟེར་ཀྱང་དོན་དུ་ཤ་མོའི་རིགས་ཡིན་སོགས་བྲིས་འདུག གཞན་དཔའ་རིས་སངས་རྒྱས་ཀྱི་བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ་ཏུ་དབྱར་རྩྭ་དགུན་འབུ་ལ་རྩྭ་ད་བྱིད་ཅེས་པ། འདི་སྨན་དུ་སྲོགས་ཆགས་ད་བྱིད་ཀྱི་ནུས་པ་དང་ལྡན་པར་ཤེས་ན། རོ་ཙ་དང་མཁལ་ནད་སོགས་གསོ་བའི་སྨན་ཆེན་ཡིན་ནོ་ཞེས་བྱིས་འདུག

བཞི་པ། དབྱར་རྩྭ་དང་ཁོར་ཡུག་སྲུང་སྐྱོབ་སྐོར་གླེང་བ།
དབྱར་རྩྭ་རྐོ་སྒྲུབ་བྱས་ན་ས་བཅུད་ཉམས་པས་ཟོག་ལ་ཤ་ཤེད་མི་རྒྱས་བར་གནོད་ཅིང་། དེ་མཚུངས་ཟོག་ཤ་ཟོས་ན་སྔར་ལྟར་ལུས་ཟུངས་གསོ་བའི་ནུས་པ་མི་འདུག་ཅེས་བོད་མི་རྒད་པོ་ཚོའི་ངག་ན་ཐོས་རྒྱུ་འདུག་ལ། ཁམས་བྲག་འགོ་རྫོང་གི་གཙང་སྨད་ཡུལ་ཚོ་ན་དེང་སང་རི་སྐྱེས་སྲོག་ཆགས་མང་པོ་པགས་ནད་ཅིག་གིས་ལ་ཤི་ལུང་ཤི་བྱེད་བཞིན་འདུག་པ་དེའང་དབྱར་རྩྭ་དགུན་འབུ་བརྐོས་སོང་བས་ཡིན་ནམ་ཞེས་འབྲོག་པ་མང་པོས་ཐེ་ཚོམ་བྱེད་འདུག གཞན་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་མཁས་ཚོས་གསུངས་པ་ལྟར་ན། དབྱར་རྩྭ་འདི་བརྐོས་ན་རང་བྱུང་གི་ཁུང་བུ་འབུག་པ་དང་ཆུ་རྐ་བཏོད་པ། གད་པ་འབྱུང་བ་དང་། ཆུ་འཁྱུལ་ཆགས་པ་སོགས་འབྱུང་བར་གནོད་པས། མཐར་ཨ་བྲའི་གནས་བཅའ་བར་སྐུལ་འདེད་བྱེད་ཅིང་། སྤང་ཐོག་ཏུ་རྩྭ་མི་སྐྱེ་བར་གནོད་པ། ཆུ་ལོག་རྒྱུག་པ་དང་རྩི་ཤིང་གི་རྩ་བར་གནོད་པས་རྩྭ་ཐང་བྱེ་ཐང་དུ་འགྱུར་བ་སོགས་ཀྱི་ཉེན་ཁའང་ཡོད་པར་བཤད། ཡིན་ནའང་། དབྱར་རྩྭ་འདི་བོད་རིགས་མང་ཚོགས་ཀྱི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། ༢༠༠༨ཀྱི་ལོར་འབུ་གོང་ཚབས་ཆེན་ལྷུང་སྐབས་ཁམས་ཕྱོགས་ཀྱི་བོད་མི་ཁ་ཤས་ཤིག་ལ་འཁྱགས་ལྟོགས་ཀྱི་སྡུག་བསྔལ་ཀྱང་བྱུང་འདུག་ཅེས་པའི་གནས་ཚུལ་མང་པོ་ཐོས་རྒྱུ་དང་མཐོང་རྒྱུ་ཡོད་ན། ང་ཚོས་འདི་བརྐོ་བསྒྲུབ་བྱ་མི་རུང་ཞེས་ཚ་བཀག་བྱ་ཐབས་མེད་ལ། དེ་ལྟར་བྱེད་དགོས་ན་དེའི་ཚབ་ལ་ཡོང་སྒོ་འདྲ་མཚུངས་བ་ཞིག་སྤྲོད་རྒྱུ་ཡོད་དགོས་རུང་། དེ་ནི་སུ་ལའང་མེད་ཕྱིན། གནས་སྐབས་རིང་ཅི་ནུས་གང་ནུས་ཀྱིས་དབྱར་རྩྭ་རྐོ་སྐབས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཀུན་སློང་སེམས་ལ་ཉར་དགོས་པ་དང་། འཚོ་བའི་རེ་བ་ཡོད་ཚད་དབྱར་རྩྭ་རྐྱང་བར་བཅོལ་མི་རུང་བའི་འདུ་ཤེས་ཙམ་གསོ་སྐྱོང་བྱ་བ་ལས་འོས་མེད།

ལྔ་པ། དབྱར་རྩྭའི་རྩྭ་ས་དོ་དམ་དང་ཐེབས་རྩ་འཛུགས་པ།
དེ་ལ་དབྱར་རྩྭ་རྐོ་སྐབས་དོ་དམ་ལྷན་ཚོགས་སམ་དབྱར་རྩ་ཐེབས་རྩ་ཚོགས་པ་བཙུགས་ནས་གཤམ་གྱི་བྱ་འགུལ་དག་རིམ་པར་སྤེལ་དགོས་ཏེ། དང་པོ། ཆོས་ལྡན་བོད་ཀྱི་ཡུལ་དུ་འཚོ་ཞིང་གནས་པའི་བོད་མི་ནི་ཆོས་ལ་དད་ཅིང་ལས་འབྲས་བསླུ་བ་མེད་པ་ཁས་ལེན་པའི་མི་རིགས་ཤིག་ཡིན་པས། ཐོག་མར་གོང་དུ་བརྗོད་པའི་དབྱར་རྩྭའི་སྐོར་གྱི་སྒྲུང་གཏམ་སོགས་བརྒྱུད་དེ་མང་ཚོགས་ལ་དབྱར་རྩྭ་བརྐོས་ན་ཉེས་དམིགས་ཆེ་རབས་དང་། དབྱར་རྩྭ་བརྐོས་རྗེས་ས་ཡི་བཅུད་དང་སྐྱེས་འགྲོའི་གཡང་མི་ཉམས་པའི་ཕྱིར་ངེས་པར་ཏུ་དབྱར་རྩྭའི་ཡོང་འབབ་ལས་བརྒྱ་ཆ་ཁ་ཤས་ས་གནས་དེ་གའི་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་དང་རྩྭ་ས་བདག་གཉེར། གད་སྙིགས་འདོར་ལེན་སོགས་ཀྱི་ལས་ཀར་ཐེབས་རྩ་སྒྲུབ་པར་འབུལ་བའི་འབོད་སྐུལ་གཏོང་དགོས། གཉིས་པ། སྲོལ་རྒྱུན་སྨན་གཞུང་དང་དེང་རབས་ཚན་རིག་གི་དགོངས་པར་མཐུན་པའི་དབྱར་རྩྭ་རྐོ་སྒྲུབ་སྒྲིག་གཞི་ཞིག་ཆགས་དགོས་ཏེ། དཔལ་ལྡན་རྒྱུད་བཞིར་བསྟན་པའི་སྔོ་སྦྱོར་ལ་གཅེས་པའི་ཡན་ལག་བདུན་ལྡན་སོགས་གོ་སླ་ཉན་བདེས་ངང་མང་ཚོགས་ལ་ཁྱབ་སྒྲོག་བྱེད་པ་དང་། འབུ་རྐོན་དོ་དམ་བྱེད་པའི་སྒྲིག་སྲོལ་འགོད་པ། ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་མེད་པའི་ལག་ཆའམ་ཡོ་བྱེད་གསར་བཟོ་དང་གཅིག་གྱུར་བྱེད་པའི་འཆར་གཞི་འཐེན་པ། སྡེ་མིའི་ཆོས་ཚོགས་ཀྱི་སྐབས་སུ་ནས་གསོན་ལ་མ་ཎི་སོགས་བསྔགས་ཏེ་མང་ཚོགས་ལ་འགྱེད་པ་དང་། ནས་འབྲུ་དེ་དག་དབྱར་རྩྭ་བརྐོས་རྗེས་ངེས་པར་ཏུ་དོང་ནང་ལ་བླུགས་ཏེ་དོང་ཁ་བསུམ་དགོས་པའི་བཀའ་རྒྱ་སྒྲོག་པ། དཔྱིད་དུས་བོད་ཀྱི་སྐྱེ་ཁམས་ནི་བྱིས་པའི་བཞིན་རས་བཞིན་གཉོམ་པས་འབུ་རྐོན་གྱིས་ལྷམ་ལྕགས་ཤན་མ་སོགས་གོན་མི་རུང་བ། འཕྲུལ་རྟ་སོགས་གང་འདོད་དུ་བསྐོར་ནས་འགྲོ་མི་ཆོག་པ། འབུ་རྐོན་གྱིས་དམག་མིས་འཇབ་རྒོལ་བྱེད་པ་བཞིན་གློ་ཉལ་བྱས་ཏེ་གྲུ་མོ་དང་གཞོགས་ཟུར། རྡོག་ངོས་བཅས་ལ་བརྟེན་ནས་ནུར་འགྲོས་བྱེད་མི་ཆོག་པ་སོགས་ཀྱི་སྒྲིག་སྲོལ་འཛུགས་པ། གསུམ་པ། རྒྱ་དང་ཁ་ཆེ་བའི་ཚོང་བ་ངན་པ་དང་ཁྱི་སྤྱང་ངན་འབྲེལ་གྱིས་འབུ་རྫུན་བོད་ཡུལ་དུ་ཁྱེར་ཏེ་དབྱར་རྩྭ་དང་བསྲེས་ཤིང་འཚོང་བཞིན་པའི་ངན་སྤྱོད་ནན་འགོག་བྱེད་པ། བཞི་པ། དབྱར་རྩྭ་རྐོ་སྐབས་བདེ་འཇགས་ལ་གནོད་པའི་མདའ་མཚོན་འཁྱེར་བ་བཀག་སྡོམ་བྱེད་པ་དང་། སྤུན་ཟླའི་སེམས་ཁམས་དཀྲུག་པའི་ཚིག་རྩུབ་དང་ངག་འཁྱར། རྫུན་ཚིག་སོགས་མི་སྨྲ་བའི་ཁས་ལེན་གཅོད་པ་དང་བདེ་ཐང་ལ་གནོད་པའི་དུས་ཚོད་བརྒལ་ཅིང་། རྒྱུ་སྤུས་མི་ལེགས་པའི་ཚོང་རྫས་སྔོན་འགོག་བྱེད་པ། གལ་ཏེ་འབུ་དོན་དུ་སྤུན་ཟླ་ནང་དམེ་བྱེད་མཁན་བྱུང་བ་དང་། མི་སེར་གྱི་རིག་གནས་ཆུ་ཚད་ཞན་པའི་སྐབས་དང་བསྟུན་ཏེ་ཚོང་རྫས་རྫུན་མ་སོགས་འཚོང་མཁན་བྱུང་ན་དེའི་དབྱར་རྩྭ་དང་ཡོང་འབབ་མ་ལུས་གཞུང་བཞེས་གནང་བའི་ཁྲིམས་སྲོལ་འགོད་པ་དང་། ཁྲིམས་སྲོལ་དེ་ཁྲིམས་མཐུན་ཡོང་ཆེད་ས་གནས་སྲིད་གཞུང་དང་། བླ་དཔོན། ཡུལ་མི་བློ་སྒོ་ཅན་དག་ཡོད་ས་ནས་ཁྲིམས་སྲོལ་སྟེང་དུ་མིང་རྟགས་འགོད་དུ་འཇུག་པ།  ལྔ་པ། དབྱར་རྩྭ་རྐོ་སྐབས་སྐྲུན་པའི་འགྱིག་དང་ཤེལ། ལྕགས་སོགས་གད་སྙིགས་དག་ངེས་པར་ཏུ་ས་གནས་དེ་གའི་ཆེད་དམིགས་སྙིགས་ཟོམ་དུ་རིགས་དབྱེ་ནས་འཕེན་པ་དང་། མཐར་དབྱར་རྩྭའི་ཐེབས་རྩ་བེད་སྤྱད་དེ་གད་སྙིགས་དག་རྫོང་ངམ་ཁུལ་རིམ་པའི་གད་སྙིགས་འདོར་ལེན་ས་ཚིགས་སུ་བསྐྱལ་ཅིང་འདོར་ལེན་བྱེད་དུ་འཇུག་དགོས།

དྲུག་པ། དབྱར་རྩྭའི་མིང་གི་རྣམ་གྲངས་གླེང་བ།
སྲོལ་རྒྱུན་དུ་དབྱར་རྩྭ་ལ་དབྱར་རྩྭ་དགུན་འབུ་དང་། རྩྭ་ད་བྱིད། དབྱར་རྩྭ། འབུ་སོགས་འབོད་སྲོལ་ཡོད་ལ། དེ་དག་ནི་རྣམ་པ་དང་བྱེད་ནུས་ཀྱི་སྒོ་ནས་བཏགས་པ་ཡིན་ཞིང་། དེ་བཞིན་དུ་དབྱར་རྩྭ་རྐོ་མཁན་ལ་འབུ་རྐོན་དང་། དབྱར་རྩྭ་ཉོ་ཚོང་བྱེད་པར་འབུ་ཚོང་། དབྱར་རྩྭ་རྐོ་བྱེད་ཀྱི་ལག་ཆ་ལ་འབུ་ཀེག དབྱར་རྩྭའི་རིན་གོང་ལ་འབུ་གོང་། དབྱར་རྩྭའི་རྭ་ཅོ་ལ་འབུ་རྭ། དབྱར་རྩྭ་སྐྱེས་ཡུལ་ལ་འབུ་ས། དབྱར་རྩྭ་རྐུ་མཁན་ལ་འབུ་རྐུན་སོགས་བརྗོད་སྲོལ་ཡོད་ཅིང་། དེང་སང་ཚོང་ར་ན་ཚོང་ལས་ཀྱི་དགོས་པའི་དབང་གིས་དེའི་རིགས་དབྱེ་ནས་རྒྱ་སྐད་ཀྱི་མིང་སྣ་ཚོགས་ཡོད་རུང་། ང་ཚོ་བོད་སྐད་ཀྱི་སྟེང་ནས་འདི་དག་ལ་མིང་གཅིག་གྱུར་ཞིག་ཡོད་པ་མ་མཐོང་བས། ད་ཐེངས་རྩོམ་ཡིག་འདིའི་ས་བཅད་མ་སྟོང་ཙམ་དང་། བོད་མི་རིགས་ཀྱི་སྐད་ཡིག་གཅིག་གྱུར་ཡོང་བར་རིགས་རིམ་པ་ཅན་གྱི་རྒྱ་མང་དག་བོད་མིང་དུ་བསྒྱུར་ཁུལ་བྱས་ཡོད་དེ། དཔེར་ན། 大哥大 ལ་འབུ་དཔོན།  大草 ལ་འབུ་ཆེན། 中草 ལ་འབུ་དར་མ་།   小草 ལ་འབུ་ཆུང་།  烂草 ལ་འབུ་རུལ།   选草 ལ་བདམས་འབུ།   统混 ལ་འབུ་ཉོག 王中王 ལ་འབུ་རྒྱལ།  虫草王 ལ་འབུ་མཆོག  级虫草 ལ་འབུ་གཞོན།   级虫草 ལ་འབུ་དར་མ།   级虫草 ལ་འབུ་རྒན།   截肢 ལ་འབུ་ཆག་སོགས་འབོད་ཆོག སྤྱིར་འབུ་དཔོན་དང་འབུ་རྒྱལ་སོགས་ནི་འབོད་སྟངས་མི་འདྲ་བ་ལས་དོན་ཕལ་ཆེར་གཅིག་མཚུངས་ཡིན། ནམ་རྒྱུན་ང་ཚོའི་དབྱར་རྩྭའི་ཚོང་ར་ན་འབུ་ཉོག་དང་བདམས་འབུ་ཞེས་རིགས་གཉིས་ཡོད་ཅིང་། འབུ་ཉོག་ནི་བཟང་ངན་གྱི་རིགས་གཏན་ནས་མ་ཕྱེ་བར་མཉམ་བསྲེས་སུ་ཡོད་པའི་དབྱར་རྩྭ་རྣམས་ཡིན་ལ། བདམས་འབུ་ནི་རིགས་སོ་སོར་དབྱེ་བའི་དབྱར་རྩྭ་དག་ཡིན་ལ། དེ་ལ་འབུ་རྒྱལ་དང་འབུ་མཆོག འབུ་གཞོན། འབུ་དར་མ། འབུ་རྒན། འབུ་ཆག འབུ་རུལ་སོགས་སུ་དབྱེ་རྒྱུ་ཡོད་དོ། །

བདུན་པ། དབྱར་རྩྭའི་ངོ་བོ་དང་ཕན་ནུས་སོགས་གླེང་བ།
དེ་ལ་ལོ་ངོ་ལྔ་བརྒྱ་ལྔ་བཅུ་ཙམ་གྱི་ཡར་སྔོན་ལ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེ་མཆོག་གིས་གསོ་རིག་མན་ངག་བྱེ་བ་རིང་བསྲེལ་ལས།
༈ ཨོཾ་ཨ་ཐ། འཇིག་རྟེན་འདི་ན་ཕུན་ཚོགས་ཀྱི། །བདེ་བ་ཀུན་ལས་རྨད་བྱུང་བ། །འདོད་པའི་ཡོན་ཏན་ཀུན་གྱི་ནི། །སྙིང་པོ་རོ་བཙའི་སྦྱོར་བ་ལ། །བསྟན་བཅོས་ཡན་ལག་བརྒྱད་པ་ལས། །འདམ་བུ་བུར་ཤིང་འཇག་མ་རྩྭ། །དེ་ཡང་དབྱར་རྩྭ་དགུན་བུ་ཞེས། །ཞེས་གསུངས་སྨན་གྱི་འཁྲུངས་དཔེ་ནི། །རྩ་རི་སྒམ་པོ་ལ་སོགས་ཀྱི། །རི་བོ་དབེན་པའི་ལྡོངས་སུ་སྐྱེ། །དབྱར་དུས་འབུ་ལ་ལོ་མའི་རྩ། །རི་སྒོག་འདབ་མ་འདྲ་བ་ལ། །མེ་ཏོག་ཨ་ཝ་དར་ལྗང་འདྲ། །རྩ་བ་སྟོན་མཇུག་གོ་སྙོད་འདྲ། །རོ་ནི་མངར་དང་ཅུང་ཟད་བསྐ། །ཞུ་རྗེས་མངར་ཞིང་ནུས་པ་སྣུམ། །དྲོ་ཞིང་ཅུང་ཟད་ཡང་དང་ལྡན། །རླུང་འཇོམས་མཁྲིས་པ་སེལ་བྱེད་ཅིང་། །བད་ཀན་མི་སྐྱེ་ངོ་མཚར་སྨན། ཁྱད་པར་བྱང་སེམས་རབ་ཏུ་འཕེལ། །ཉེས་མེད་ཡོན་ཏན་རྒྱ་མཚོའི་གཏེར། །དེ་ལ་སྦྱོར་སྡེའི་མན་ངག་ནི། །དུས་སུ་བརྐོས་པའི་རྩ་བ་དེ། །ས་མེད་ཁྲམ་ཁྲུམ་བརྡུངས་པ་ལ། །གཙང་གཡེར་ཞིབ་བཏགས་ཕབས་རྩི་བྲན། །མཆིལ་པའི་ཁོག་པ་བཀང་ལ་བཙོས། །གསེར་མདོག་བཟང་བ་གཅིག་གི་ཕྱེད། །ལུག་གི་འོ་མ་བྲེ་གང་རྣམས། །ལྕགས་སྣོད་ཁུ་བ་རང་ཐིམ་བཙོ། །དེ་ནི་སླར་ཡང་མ་ཚིག་པར། །དལ་བུས་མེ་ཡི་དྲོད་ལ་སྐམ། །རླན་དང་བྲལ་ནས་ཞིབ་པར་བཏགས། །ཁ་ཚ་བཟང་དྲུག་ཕོ་བ་རིས། །གི་ཝང་དོམ་མཁྲིས་ཆིག་ཐུབ་འབྲུ། །གསང་བ་སྨན་གཅིག་ཐུན་བཟང་རེ། །གངས་སྦལ་བཟང་པོ་རྙེད་ཀྱང་བསྲེ། ། ཞིབ་བཏགས་སྦྲང་རྩིའི་རིལ་བུ་ནི། །ལུག་གི་རིལ་མ་ཙམ་དུ་དྲིལ། །ཐོ་རངས་ཨ་རག་གར་ཆང་གཉིས། །གང་འབྱོར་ཀ་ར་སྦྱར་བས་ཕུལ། །ཟླ་གཅིག་བསྟེན་པས་ཆགས་སྤྱོད་དང་། །རྗེན་དང་སྔོ་ངད་རུལ་སུངས་སྤང་། །དཀར་དང་མངར་གསུམ་གསར་བཅུད་བསྟེན། །ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། །ལུས་ཀྱི་ཟུངས་བདུན་རྒྱས་པ་ལ། །ཁྱད་པར་རོ་བཙའི་དོན་མཆོག་བྱེད། །རིགས་རྒྱུད་སྤེལ་དང་བཀྲག་མདངས་རྒྱས། །དབང་པོ་ལྔ་ནི་རྣམ་པར་བཀྲ། །འདི་ལ་ཡོན་ཏན་མཐའ་ཡས་པ། །ཚིག་གི་བརྗོད་པས་ཟད་མཐའ་མེད། །ཉམས་སུ་བླངས་ན་བདེ་ཆེན་གྱི། །ཕྱག་རྒྱ་གར་མཁན་རྣམ་དཔྱོད་ཀྱིས། །མཛེས་མ་འབུམ་གྱི་དགའ་བ་འཕྲོག །ཞལ་གདམས་མཐོང་བརྒྱུད་མེད་པ་ན། །ཇི་ལྟར་འདོད་པའི་འབྲས་མི་སྟེར། །འདི་ན་དད་མོས་ཕན་པ་ཡི། །སེམས་བྲལ་བླུན་པོ་རང་འདོད་དང་། །གྱི་ནའི་གདོན་གྱིས་གཟིར་བ་རྣམས། །སྣོད་མིན་ཧ་ལ་ནག་པོ་སྟེ། །དགེ་ཞིང་གཟུ་བོར་གནས་པ་དང་། །དམ་ཚིག་གཞུང་བཟང་སྐལ་བ་བཟང་། །ཡོད་ན་ཟབ་གནད་འདི་ཡིན་ཞེས། །དྷརྨ་སྭཱ་མིས་བྲིས་འདིའི་དགེས། །འགྲོ་ཀུན་བདེ་བ་མཆོག་ཐོབ་ཤོག །ཤུ་བྷཾ། ཞེས་གསུངས་ཡོད་ཅིང་།

བོད་ལྗོངས་ཆབ་མདོ་སྨན་རྩིས་ཁང་གིས་སྤེལ་བའི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་དང་ཀྲུང་དབྱང་མི་རིགས་སློབ་གྲྭའི་སློབ་དཔོན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་མཆོག་གིས་མཛད་པའི་གངས་ལྗོངས་ཚིག་མཛོད་ཆེན་མོ་གཉིས་ཞལ་མཐུན་པར་དབྱར་རྩྭ་དགུན་འབུའི་རོ་དང་ཕན་ནུས་གསུངས་སྐབས།  རོ་མངར་ལ་ལན་ཚ། ཞུ་རྗེས་དྲོ། ནུས་པས་བཅུད་ལེན་ཟུངས་འཕེལ། ཁྱད་པར་མཁལ་དྲོད་གསོ་ཞིང་མཁལ་སྟོབས་སྐྱེད། རོ་ཚ་སྐྱེད་ཅིང་ཐིག་ལེ་འཛག་གཅོད་སྲུང་། གློ་གཅོང་དང་བད་རླུང་གློ་བར་ཞུགས་པ། དབུགས་མི་བདེ་བ་བཅས་སེལ་ཞིང་། རྒན་བྱིས་དང་། ཟུངས་ཟད། རླུང་ལྡན་རྣམས་ལ་བདུད་རྩིར་མཚུངས་ཞེས་གསུངས་འདུག

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་ཏུ་བསྐྲུན་པའི་སྨན་རིས་གསལ་བའི་མེ་ལོང་དུ། རོ་མངར་ཞིང་ནུས་པ་དྲོ་བ་ཡིན། བྱེད་ལས་ནི་ལུས་སྟོབས་རྒྱས་ཤིང་ལུས་ཟུངས་གསོ། གློ་སྐྲན་དང་རྒན་པོ་རླུང་ལུ་བྱེད་པ། ཟུངས་ཁྲག་ཉམས་པ། རྩ་དཀར་རང་བཞིན་གྱི་ཕོ་བ་ན་བ། ཕོ་བ་འཚང་ཞིང་སྒྲེགས་པ། ཡི་ག་ཆད་པ། རུས་ཚིགས་ན་བ། རྒན་པོ་ཕོ་དྲོད་ཉམས་པ་བཅས་གསོ་སོགས་གསུངས་ཡོད་ལ། བོད་རྒྱ་ཚིག་མཛོད་ཆེན་མོ་རུ། རོ་མངར། ཞུ་རྗེས་སྙོམས། ནུས་པས་མཁལ་རྐེད་ན་བ་དང་། ལུས་སྨད་དུ་དྲོད་མི་ཁུག་པ་དང་། ཁུ་བ་ཟད་པ། ལུས་སྟོབས་ཉམས་པ་བཅས་ལ་ཕན་ཞེས་བྲིས་ཡོད།

རྒྱ་སྨན་གྱིས་དབྱར་རྩྭ་དང་དཀར་པོ་ཆིག་ཐུབ་དང་། ཤྭ་རྭ་བཅས་ལ་སྨན་གྱི་རིན་ཆེན་རྣམ་གསུམ་དུ་འབོད་ཅིང་། ཉེ་སྔོན་ཤར་ལྷོ་སློབ་ཆེན་མཁལ་ནད་ཞིབ་འཇུག་ཁང་དང་ཤར་ལྷོ་སློབ་ཆེན་གྱི་ཁོངས་གཏོགས་ཀྲུང་གོ་གསོ་རིག་སློབ་གླིང་གི་མཁས་དབང་ཀུང་ཀྲང་དང་ཀྲང་ཤའོ་ལེང། ལུའོ་པེས་ཁྲང་བཅས་ཀྱིས་མཛད་པའི་དབྱར་རྩྭ་དགུན་འབུའི་ད་ཡོད་གནས་ཚུལ་དང་སྨན་བཅོས་ཡར་རྒྱས་འབོད་པའི་དཔྱད་རྩོམ་ནང་དུ་མིག་སྔར་ཚན་རིག་ལག་རྩལ་གསར་བས་ཤེས་གསལ་ལྟར་ན། དབྱར་རྩྭ་དགུན་འབུས་མཁལ་མ་དང་མཆིན་པ་སྲུང་བ་དང་། རིམས་འགོག་མ་ལག་འཛུགས་པ། སྙིང་ཁྲག་དབྱང་འགྱུར་འབྱུང་བ་སྔོན་འགོག་བྱེད་པ་དང་ཁྲག་རྩའི་གནོད་ཤུགས་ཆུང་དུ་བཏང་ནས་ཁྲག་རྩ་འགད་པ་སྔོན་འགོག་དང་ཁྲག་རྩ་ཉམས་གསོའི་ནུས་པ་ལྡན་པ། སྐྲན་ནད་སྔོན་འགོག་དང་སྨན་བཅོས་བྱེད་པ། གཅིན་སྙིའི་ནད་ལ་སྨན་བཅོས་བྱེད་པ། གློ་གཅོང་དང་དབུགས་ལམ་གྱི་ནད་རིགས་ལ་སྨན་བཅོས་བྱེད་པ་སོགས་ལ་ནུས་པ་ཆེན་པོ་འདོན་གྱིན་ཡོད་པར་བཤད་ཡོད།


གཞན་འདིར་རྒྱུན་ཤེས་ཀྱི་ཚུལ་གྱིས་ངེས་དགོས་པ་ཞིག་ལ། རྒྱ་སྐད་དུ་ཁྲུང་ཚའོ་སྟེ་རྩྭ་མ་འབུ་ (虫草ཞེས་པ་འདི་ས་གང་དུའང་བྱུང་བ་ཞིག་ཡིན་ཏེ། ཨན་ཧྭེ་ཞིང་ཆེན་གྱི་ཅིན་ཀྲའེ་ (安徽省金寨ཟེར་བའི་ས་ཆ་རུ་ཡ་ཤང་པང་རྩྭ་མ་འབུ་ (香棒虫草ཞེས་པ་ཞིག་བྱུང་ཡོད་ལ། རྩྭ་མ་འབུ་དེ་རི་མཐོན་པོའི་མགོ་ལས་དམའ་མོར་མི་སྐྱེ། རི་མཐོན་པོར་སྐྱེས་པ་ནི་ལོ་དེའི་སྔར་ལོ་ཅིན་ཀྲའེ་ས་ཁུལ་དུ་སྔོན་བྱུང་མ་མྱུང་བའི་ཁངས་ཆེན་ཞིག་བབས་པས་ཡིན་ཞེས་བརྗོད་ཀྱིན་འདུག ཆེན་མཁས་ཀྱིས་གསུངས་ན་ཀྲུང་གོ་རྒྱལ་ཁབ་ཀྱི་ནང་རྐྱང་བོར་རྩྭ་མ་འབུ་དེ་འདྲ་རིགས་༤༠༠ཙམ་ཡོད་ཅིང་། ཡ་ཤང་པང་རྩྭ་མ་འབུ་ནི་རིགས་དེའི་ནང་གསེས་ཙམ་ཡིན། དེ་ལ་ཕྱི་ཚུལ་ནས་བལྟས་ན་དབྱར་རྩྭ་དགུན་འབུ་དང་གཅིག་མཚུངས་ཡིན་རུང་དོན་དུ་སྨན་ནུས་ཀྱི་ཐད་གཏན་ནས་མི་འདྲ་ཞེས་གསུངས་ཡོད་པ་བརྗེད་མི་རུང་།

བརྒྱད་པ། དབྱར་རྩྭ་རྐོ་སྒྲུབ་བྱེད་སྐབས་དོ་སྣང་བྱེད་དགོས་པ་འགའ།
དེ་ཡང་གསོ་རིག་རྒྱུད་བཞི་ལས་སྔོ་སྦྱོར་ལ་གཅེས་པའི་ཡན་ལག་བདུན་ལྡན་དུ། སྐྱེ་སར་སྐྱེས་དང་དུས་སུ་བཏུས་པ་དང་། ། སྐམ་གསེད་ལེགས་དང་སོ་མ་རྙིང་བ་དང་། ། དུག་འདོན་འཇམ་བཙལ་འཕྲོད་པར་སྦྱར་བའོ། ། ཅེས་གསུངས་པ་བཞིན་སྐྱེ་སའི་གནས་འགྲིག་པ་སྟེ་བསིལ་དྲོད་གོ་ལྡོག་ཏུ་མ་སྐྱེས་པ་དང་ལུད་རྫིང་དང་། ལམ་མདོ། རྫས་འགྱུར་གྱི་དུག་གིས་མ་སྦགས་པའི་ས་རུ་སྐྱེས་པ། རང་བྱུང་གིས་སྐྱེས་པ་ལས་མིས་བཟོས་ཁོར་ཡུག་ཏུ་མ་སྐྱེས་པ་དང་། ཟླ་བ་ཡར་ངོ་འཆར་ཚེ་རྐོ་བ་དང་། དུས་ནམ་ཡང་ཀླུ་རིག་ལྡན་འཆར་ཚེ་མི་རྐོ་བ། ནམ་རྒྱུན་ཚེས་བདུན་ནས་བཅོ་ལྔའི་བར་བརྐོ་སྒྲུབ་བྱ་ཐུབ་ན་བཟང་བར་བརྩི་བའི་གོམས་གཤིས་ལོབས་སུ་འཇུག་དགོས་ཤིང་། དེ་ལྟར་བྱས་ན་སྐྱེ་ཁམས་མ་ལག་སོར་ཆུད་བྱེད་པར་ཕན་ནུས་ཆེན་པོ་ཡོད་ཅེས་ཁོར་སྲུང་ཆེད་མཁས་ཀྱིས་གསུངས། དེ་བཞིན་དུ་རྒྱུད་ལས། གཙང་མའི་ཁྲུས་བྱས་མཛེས་པར་བརྒྱན། ། གཟུངས་སྔགས་རྟེན་འབྲེལ་སྙིང་པོ་བཟླས་ཤིང་བཏུ། ། གསུངས་པ་བཞིན་སྨན་རྩྭ་བརྐོ་སྒྲུབ་བྱེད་དུས་གཙང་སྦྲ་ལེགས་པོ་བྱེད་དགོས་པ་དང་སེམས་བསྐྱེད་བཟང་བོ་བཟུང་ནས་གཟུངས་སྔགས་ཏདྱ་ཐཱ། ཤོ་ཧོང་ག་རེ་ཏ་རེ་སྭཱཧཱ། སོགས་རྩ་ནས་འབྱུང་བའི་སྔགས་སམ་སེམས་ཅན་དོན་དུ་སྙིང་བོའི་མ་ཎི་བགྲང་བ་དང་རང་གི་དོན་དུ་བཛྲ་གུ་རུ་འདོན་པ་སོགས་བྱེད་ཞོར་རྐོ་སྒྲུབ་བྱས་ན་གཅིག་ནས་སྨན་ནུས་ལྡབ་འགྱུར་གྱིས་ཐོན་པར་གསུངས་ཤིང་། གཉིས་ནས་དབྱར་རྩྭ་དང་དབྱར་རྩྭ་དང་འབྲེལ་བའི་སྡིག་སྒྲིབ་གཞན་སེལ་བ། རང་གི་ལུས་ངག་ཡིད་གསུམ་ལ་འདུལ་སྦྱོང་ཐེབས་ཏེ་དགེ་ཕྱོགས་སུ་གོམས་པར་ཕན་པར་གསུངས། ཡིན་ནའང་། གཙང་སྦྲ་བྱེད་སྐབས་རྫས་འགྱུར་གྱི་བྱུག་རྫས་དྲི་མ་ཅན་དག་བྱུགས་ན་ནི་རྫས་འགྱུར་འགྱུར་འབྱུང་བྱུང་སྟེ། སྨན་དུག་ཏུ་འགྱུར་བའི་ཉེན་ཁའང་ཡོད་པར་གསུངས། གཞན་ཕྱི་ཤུན་ཕྱི་བ་དང་སྐམ་པ། བདག་གཉེར་བྱེད་པ་བཅས་ཀྱི་སྐབས་སུའང་གཙང་སྦྲ་བཟང་བོ་བྱེད་པ་དང་། ལྕེ་ཡིས་ལྡག་པ་དང་སོས་འདེབས་པ་སོགས་བྱས་ནས་ཡང་བསྐྱར་སྨན་རྫས་ཀྱི་ནང་དུ་འཕེན་པ་སོགས་མི་བྱེད་པ། བདག་གཉེར་བྱེད་དུས་ཀྱི་དུས་ལས་མ་ཡོལ་བ། འདུལ་སྦྱོང་གི་སྐབས་སུ་གང་ལ་གང་འཕྲོད་ཀྱི་ལག་ལེན་མ་ནོར་བ་དང་ཚད་དང་རན་དང་། སོ་སོར་འཕྲོད་པའི་གཉེན་པོ་སྦྱར་བ་ཡིན་ན་ད་གཟོད་སྨན་ནུས་ཁ་ཚང་ཐོན་ཐུབ་པར་བཤད་པས། གོང་གི་ལག་ལེན་དག་ལའང་ངེས་ཤེས་ཡོད་ན། དབྱར་རྩྭའི་གོང་ཚད་མི་ལྷུང་བར་ཕན་པ་དང་དབྱར་རྩྭའི་ཚོང་ར་རྒྱུན་བསྲིངས་ཐུབ་པར་ཡང་ཕན་པ་ཆེན་པོ་ཡོད།  གཞན་དབྱར་རྩྭ་ནི་མཚོ་འཕགས་ལ་སྨི༤༣༠༠ནས་༥༠༠༠བར་གྱི་ས་བབ་མཐོ་སར་སྐྱེ་བ་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ནང་གསལ་བོར་བཀོད་ཡོད་པ་ནང་བཞིན། མདོ་དབུས་མཐོ་སྒང་ལས་མི་སྐྱེས་ཤིང་། མདོ་དབུས་མཐོ་སྒང་གི་ཡང་ས་ཁུལ་ཁྱོན་ཡོངས་ལ་སྐྱེས་ཐུབ་པ་ཞིག་མིན་པར། ཕ་ཆེར་འབྲོག་ཕྱོགས་སུ་སྐྱེས་པ་ཅུང་མང་བ། ད་ལོ་འདིར་སྐྱེས་ན་སང་ལོ་ཡང་འདིར་སྐྱེས་ཐུབ་པའི་ངེས་པ་མེད་པའི་སྨན་རྩྭ་ཞིག་ཡིན་པས། ཁོར་ཡུག་ལ་གནོད་སྐྱོན་མི་བཟོ་བ་དང་དབྱར་རྩྭ་རྒྱུན་བསྲིང་འཐུས་པའི་ངང་བརྐོ་ཐུབ་པའི་ཆེད་དུ་ངེས་པར་ཏུ་དོང་ནང་དུ་སྡེ་མིས་ཆོས་ཚོགས་ཀྱི་སྐབས་སུ་བསྔགས་པའི་ནས་འབྲུའམ་རྩྭ་དང་མེ་ཏོག་གི་ས་བོན་དག་ལྡུག་པ་དང་དེ་ནས་དོང་ཁ་ལེགས་པོར་བསུམ་པའི་གོམས་གཤིས་ཆགས་དགོས། གཞན་ཉག་རོང་རྫོང་དུ་དབྱར་རྩྭ་བརྐོ་སྐབས་རི་མཐོ་ས་ནས་ཁ་པར་བཏངས་བས་ཐོག་གིས་བརྒྱབ་ནས་ཤི་བ་དང་། མི་ཉག་དར་མདོ་རྫོང་དུ་དབྱར་རྩྭ་་བརྐོ་སྐབས་རྐོ་མའི་ཡུ་བ་ཆག་ཏེ་བྲག་ཁ་ནས་ལྷུང་ཞིང་རྨས་སྐྱོན་བྱུང་བ།  འབའ་ལི་ཐང་ནས་བུ་མོ་གཉིས་དབྱར་རྩྭ་བརྐོ་བར་འགྲོ་སྐབས་སེམས་ཆུང་མ་བྱས་པར་རྟས་དྲུད་དེ་རྨས་སྐྱོན་ཚབས་ཆེན་བྱུང་བ་སོགས་ཀྱི་གནས་ཚུལ་ཐོས་རྒྱུ་འདུག་ལ། ནམ་རྒྱུན་བོད་ཟླ་བཞི་པ་དང་ཟླ་པ་ནི་མཐོ་སྒང་ས་ཆར་ད་དུང་ཁ་བ་དང་བུ་ཡུག་འཚུབ་པའི་དུས་ཡིན་པས། འབུ་རྐོན་དུ་འགྲོ་མཁན་ཚོས་པུས་མོ་དང་ལག་མཐུལ་སོགས་ལ་སྲུང་སྐྱོབ་ལེགས་པོ་མ་བྱས་ན་རྨ་ཡིས་ཁྱབ་པ་དང་སེལ་ཀ་འགས་པ། ཆུ་སེར་རྡོལ་བ་སོགས་གཅོང་ནད་ཀྱི་རིགས་མང་པོ་འབྱུང་བ་སོགས་སེམས་ལ་ངེས་དགོས་པ་ཞིག་ཡིན།

དགུ་པ། དབྱར་རྩྭ་རྫུན་མ་ཡིན་མིན་བརྟག་ཐབས།
དེང་སང་ནང་ལོག་གི་ཚོང་ར་ནས་བུད་པའི་གཡོ་འཕྲུལ་མང་པོ་ཞིག་གི་ཤུགས་རྐྱེན་འོག་བོད་ཡུལ་གྱི་དབྱར་རྩྭར་ཡང་རྫུན་བཟོའི་གཡོ་ཐབས་མང་པོ་ཞིག་དར་ཡོད་པ་སྟེ། དཔེར་ན། འབུ་ཁོག་ཏུ་ཁབ་འཛེར་བ། ཞ་ཉེ་སྡེབ་པ། ཞ་ཆུ་སྐུད་པ། ཞ་ཆུ་འབུ་རྭའི་ནང་དུ་རྒྱག་པ། དངུལ་ཆུ་དྲངས་བ། ཚྭ་ཆུའི་ནང་སྦྱངས་བ་སོགས་བྱེད་ཀྱིན་ཡོད་ལ། ནང་ལོག་ནས་ཐོན་པའི་འབུ་རྫུན་ལ་ལ་ཞིག་ནི་རྩ་བ་ནས་དབྱར་རྩྭ་མ་ཡིན་པར། ཞོག་ཁོག་དང་གྲོ་ཕྱེ་སོགས་ཀྱིས་ལུས་ཕུང་བཟོས་ཤིང་། འབུ་རྭ་དང་འདྲ་བའི་སྐྱེ་དངོས་ཤིག་ཞོག་ཁོག་སོགས་ཀྱི་མགོ་རུ་འཛེར། དེ་ནས་དབྱར་རྩྭའི་དྲི་མ་དང་ཆ་འདྲ་བའི་སྦྱར་བྱུང་གི་དྲི་གང་ཞིག་བྱུག་་པར་བྱེད་པ་སོགས་ཀྱི་གཡོ་ཐབས་དར་བཞིན་ཡོད་ལ། ད་དུང་གོང་དུ་བརྗོད་པ་བཞིན་ཡ་ཤང་པང་རྩྭ་མ་འབུ་སོགས་དབྱར་རྩྭ་དགུན་འབུ་རུ་བརྫུས་ཏེ་བོད་ཡུལ་ན་བཙོང་བཞིན་པའི་སྣང་ཚུལ་མང་པོ་མཐོང་རྒྱུ་ཡོད་པས། བོད་ཡུལ་གྱི་དབྱར་རྩྭའི་ཚོང་རར་སྔར་མེད་ཀྱི་འཇིགས་སྐུལ་གཏོང་གིན་ཡོད། དེས་ན་ང་ཚོས་ཇི་ལྟར་བྱས་ཏེ་དབྱར་རྩྭ་རྫུན་མ་ཡིན་མིན་བརྟག་དགོས་ཞེ་ན། དེང་སང་དབྱར་རྩྭའི་ཁོག་པའི་ནང་དུ་ལྕགས་རིགས་སོགས་ཡོད་མིན་གྱི་བརྟག་ཆས་ཤིག་ཉོ་རྒྱུ་ཡོད་ལ། དེར་དམངས་སྒོར་༧༠༠ཙམ་དགོས་པར་བཤད། གལ་ཏེ་སྨན་ཁང་དང་ཚོང་ཁང་ཆེན་པོ་སོགས་ཡིན་ན་སེན་ནན་ཡེང་གིས་གསར་གཏོད་བྱས་པའི་དབྱར་རྩྭའི་སྤུས་ཀ་བརྟག་ཆས་ (沈南英冬虫夏草质量检测器ཞེས་པ་ཞིག་ཡོད་པས་དེ་ནི་ཅུང་ཚད་མཐོ་བའི་རྒྱུ་སྤུས་བརྟག་ཆས་ཤིག་ཡིན་པར་བཤད་ཅིང་། དེས་ཡ་ཤང་པང་རྩྭ་མ་འབུ་སོགས་ཡིན་མིན་བརྡར་ཤ་གཅོད་ཐུབ་ཀྱིན་ཡོད་རུང་། འཕྲུལ་ཆས་དེ་ནི་གོང་ཚད་མཐོ་བས་མི་སེར་རང་ག་བ་ཞིག་གིས་ཉོ་སྒྲུབ་བྱེད་ཐུབ་ཀྱིན་མེད། དེས་ན། ནམ་རྒྱུན་གྱི་ཤེས་བྱ་དང་ཉམས་མྱོང་ལ་བརྟེན་ནས་ཡང་ལྗིད་ལ་བརྟག་ན་དུས་རྒྱུན་དབྱར་རྩྭར་རྒྱུས་ལོན་ཡོད་མཁན་ཞིག་ཡིན་ན་རང་བཞིན་གྱིས་དབྱར་རྩྭ་དག་མ་ལས་ཅུང་ལྕི་བ་ཤེས་ཐུབ་ཀྱི་ཡོད་ལ། འབུ་རྫུན་ལ་ལའི་རྐུབ་ཚོས་ན་ཁབ་སོགས་ཀྱི་ཤུལ་རྗེས་ཀྱང་གསལ་བོ་ཡོད། མདོག་ལ་བརྟག་ཚེ་དག་མ་ཡིན་ན་ཁ་དོག་ཁམ་སྨུག་ཡིན་རུང་འབུ་རྫུན་གྱི་མདོག་དེ་སེར་སྐྱ་ཡིན། འབུ་རྫུན་གྱི་རྒྱབ་ན་བ་སྤུ་ཐུང་ཐུང་མེད་ཅིང་གཉེར་མའང་གསལ་པོར་མེད། ཡིན་ནའང་། དབྱར་རྩྭ་ངོ་མ་ཡིན་ན་རྒྱབ་ན་བ་སྤུ་ཡོད་ཅིང་གཉེར་མ་གསལ་པོ་ཡོད། འབུ་རྫུན་གྱི་མིག་དང་མཆུ་སོགས་ཀྱི་བཀོད་པ་རང་བཞིན་མིན་ཞིང་། རྐང་ལག་བར་གྱི་བར་ཐག་ཀྱང་འོས་འཚམས་མིན། འབུ་རྫུན་ལ་ཤ་དྲི་མེད། དེང་སང་སྦྱར་བྱུང་གི་དྲི་མ་རེ་ཡོད་རུང་། ཞིབ་ཏུ་བརྟག་ན་རུལ་དྲི་ཙམ་ལས་དབྱར་རྩྭའི་དྲི་མ་ངོ་མ་མིན་པ་ཤེས་ཐུབ། ད་དུང་དབྱར་རྩྭ་དག་མ་ཡིན་ན་རྐུབ་ཚོས་སུ་ནག་ཐིག་ཅིག་དང་སོ་ཁམ་འདྲ་བ་གཉིས་ཡོད་རུང་། འབུ་རྫུན་ཡིན་ན་དེ་དག་གསལ་བོར་མེད། གཞན་འབུ་རྫུན་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་མགོ་བོ་ཆེ་ལ་རྭ་ཅོར་སྤོམ་ཕྲ་མེད་པ། སྐེ་དང་ལུས་བར་ཏུ་ནག་ནོག་གིས་གསལ་བོ་མེད་པ། མིག་དང་མཆུ་སོགས་ཀྱི་བཀོད་པ་མི་གསལ་བ་སོགས་ཡིན། མདོར་ན། གོང་གི་ཁྱད་ཆོས་གཅིག་གིས་འབུ་རྫུན་ཡིན་མིན་གྱི་བརྡར་ཤ་ཆོད་མི་སྲིད་པས་ངེས་པར་ཏུ་ཕྱོགས་ཡོངས་ནས་དུས་རབས་ཀྱི་འགྲོས་དང་མཐུན་པའི་བརྟག་ཆས་དང་ནམ་རྒྱུན་དབྱར་རྩྭའི་ཐད་ལ་དོ་སྣང་བྱས་ཤིང་ཉམས་མྱོང་བསྡུ་ལེན་བྱེད་པ་གལ་ཆེ།  གཞན་འདིར་ནན་བཤད་བྱེད་དགོས་པ་ཞིག་ལ། དབྱར་རྩྭ་རྫུན་མ་འདི་རིགས་ཀྱིས་བོད་ཀྱི་འཚོ་བ་དང་དབྱར་རྩྭའི་ཚོང་ར་ཀུན་ལ་བརྡབ་གསིག་མི་ཆུང་བ་ཞིག་བྱེད་བཞིན་ཡོད་པས། ད་ནས་བཟུང་བོད་མི་དག་མ་ཞིག་གི་ལག་ནས་ཐོན་པ་ཞིག་ཡིན་ན་དབྱར་རྩྭ་འང་དག་མ་ཡིན་པའི་སྣང་བརྙན་བཞེངས་བ་ནི་མི་རབས་འདི་དང་རྗེས་མ་དང་། རྗེས་མའི་རྗེས་མ་ཀུན་ལ་ཕན་པའི་གྲུབ་འབྲས་ཤིག་ཡིན་པ་བརྗེད་མི་རུང་།

བཅུ་པ། དབྱར་རྩྭ་བདག་གཉེར་བྱེད་ལུགས།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་ཏུ་བསྐྲུན་པའི་སྨན་རིས་གསལ་བའི་མེ་ལོང་དུ། དབྱར་རྩྭ་བདག་གཉེར་བྱེད་ཐབས་ལ། ཟླ་བཞི་བ་ལྔ་བར་ཤ་མོ་དང་སྲིན་བུ་འདྲེས་པའི་རྩ་བ་བརྐོས་ནས་ཕྱེད་ཙམ་བསྐམས་རྗེས། ཤུན་པ་ནག་པོ་བྲད་ནས་རླུང་རྒྱུ་སར་བསིལ་སྐེམ་བྱས་པས་ཆོག ཡང་ན་དབྱར་རྩྭ་དགུན་འབུ་བསྐམས་ཏེ། ཆང་གི་ཁ་ཕྲུ་བཏབ་ནས་བརླན་པར་བྱས་རྗེས། ཤུན་པ་ནག་པོ་བྲད་ནས་བསིལ་སྐེམ་བྱས་ཀྱང་ཆོག་ཅེས་བྲིས་འདུག་ལ། ཁོ་བོ་མི་ཉག་ཕྱོགས་ཀྱི་དབྱར་རྩྭ་རྐོ་བའི་ས་གནས་སུ་ཕྱིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། དེང་སང་འབུ་རྐོན་ལ་ལ་ཞིག་གིས་སྟབས་བདེ་ཆེད་ཙམ་དུ་རི་མགོ་ནས་དབྱར་རྩྭ་བརྐོས་མ་ཐག་ཕྱིའི་ཤུན་པ་བཤུས་ཤིང་། ལམ་སང་འགྱིག་ཁུག་ནང་ལ་བླུགས་ཏེ། དགོང་མོར་གྲོང་ནང་དུ་སོང་ནས་ཚོང་བ་ཚོའི་ལག་ཏུ་བཙོང་བཞིན་འདུག འདིས་ནི་དབྱར་རྩྭའི་མགོ་ཆེན་པོ་དང་རྐུབ་ཕུང་ཆུང་ཆུང་དུ་འགྱུར་བར་གནོད་ཅིང་། ཡང་མོ་དང་ཁ་མདོག་མི་ལེགས་པར་འགྱུར་བས། རང་བཞིན་གྱིས་རིན་གོང་ཡང་ཐོབ་འོས་ཤིག་རག་ཐུབ་ཀྱིན་མེད། དེ་བས། ཆ་རྐྱེན་ཡོད་ན་རང་ཉིད་ཀྱིས་སྐེམ་པ་དང་ཆ་རྐྱེན་མེད་ན། གཞན་ལག་ཏུ་བཞག་ཏེ་གཤམ་ཏུ་བཀོད་པའི་རིམ་པ་བཞིན་སྐེམ་དུ་བཅུག་ན་རིན་གོང་ལྡབ་ཉིས་འགྱུར་གྱིས་ཐོབ་ཐུབ་ཅེས། མི་ཉག་གི་འབུ་ཚོང་བ་ལྷག་པ་བཀྲ་ཤིས་ལགས་ཀྱིས་ཁ་ཚོན་ཆོད་པའི་སྒོས་གསུང་གིན་འདུག་སྟེ། དང་པོ། དབྱར་རྩྭའི་ཕྱི་ཤུན་གྱི་ས་ལྐོགས་མ་བྲད་པར་ཨར་ལས་རྡོ་གཅལ་ཏུ་རས་གོས་བཏང་བའི་སྟེང་སྐེམ་དུ་བཅུག་ནས་ནང་གི་འབུ་སྐམ་མེད་རུང་། ཕྱི་ཤུན་ཕལ་ཆེར་བསྐམས་ཚེ་ད་གཟོད་འབུ་ཤུན་བཤུས་ན་ཁ་དོག་ལེགས་པོ་ཡོད།   དེ་ནས་ཕལ་ཆེར་བརྒྱ་ཆ་བདུན་ཅུ་བརྒྱད་ཅུ་སྐམ་པའི་སྐབས་ཏེ་ལག་ཏུ་བླངས་ན་ཆག་མི་འགྲོ་བ་ཞིག་ཡིན་རུང་། ཕར་བལྟས་ན་ཕལ་ཆེར་བསྐམས་ཡོད་པའི་སྐབས་སུ་ཚུར་གྲིབ་བསིལ་འོག་ཏུ་ཐེངས་གཅིག་བསྡུས་ཤིང་། དུས་ཚོད་གསུམ་མམ་བཞི། ཡང་ན་ཡུན་རིང་ལ་ཉར་འདོད་ཡོད་ན་ཞག་གཅིག་ཙམ་ལ་བཞག་ཚེ་ཚུར་བསབ་བསབ་ཆགས་འགྲོ། དེ་རྗེས་ཕར་ཉི་འོད་འོག་ཏུ་བཞག་ཏེ་བསྐམ་པ་ཡིན་ན། ད་གཟོད་ཆེས་ལེགས་པོ་ཆགས་ཐུབ་ཀྱིན་ཡོད། དེ་ལྟར་མ་བྱས་ན་སྐེམ་ཐེངས་གཅིག་གིས་བསྐམ་ཐུབ་ཀྱིན་མེད་ལ། གལ་ཏེ་བཙན་གྱིས་སྐམ་དུ་བཅུག་ན་འཆག་པའི་ཉེན་ཁ་ཡོད་ལ། རྒྱ་ཁར་གནོད་ཅིང་། རྫུན་མར་དོགས་པའི་ཉེན་ཁའང་ཡོད། སྤྱིར་ཉི་མ་ཚ་མོ་ཡིན་ཚེ། ཆུ་ཚོད་ཕྱེད་ཀྱི་རིང་ལ་ཕྱི་ཤུན་སྐམ་ཐུབ་ཀྱིན་ཡོད་ཅིང་། དེ་ནས་ཕྱི་ཤུན་བཤུས་ཏེ་ཕར་སྐེམ་རྒྱུ་ན་ཆུ་ཚོད་གཅིག་ཕྱེད་ཀྱིས་བསྐམས་ཚར། དེ་ནས་ཡར་ཐེངས་གཅིག་བསྡུས་ནས་གྲིབ་བསིལ་འོག་ཆུ་ཚོད་གཉིས་གསུམ་ཙམ་བཞག་རྗེས་ཡང་བསྐྱར་ཉི་འོད་འོག་སྐེམ་པ་ནི་དབྱར་རྩྭ་ཞིག་སྐེམ་པའི་གོ་རིམ་ཡང་དག་པ་ཡིན།  

གཞན་དེང་སང་རྒྱའི་ཚོང་དཔོན་ལ་ལ་ཞིག་གིས། དབྱར་རྩྭ་མིག་མང་རྡོ་སོལ་གྱི་དྲོད་ལ་བརྟེན་ནས་སྐེམ་གྱིན་ཡོད་ལ། དེའི་གོ་རིམ་ནི་འདི་ལྟ་སྟེ། རྡོ་སོལ་དང་སྨི་གཅིག་ཕྱེད་ཙམ་ལོང་བའི་ཚད་དུ་དབྱར་རྩྭ་སྨྱུག་འཚག་ཆེན་པོ་ཞིག་གི་ནང་གཅལ་ཏུ་བཀྲམས་ཤིང་། བརྒྱ་ཆ་དྲུག་ཅུ་ཙམ་བསྐམས་པའི་སྐབས་སུ་རིམ་གྱིས་ཇེ་མཐོ་ནས་ཇེ་མཐོར་བཞག་ཅིང་སྐེམ་དགོས། ཡོངས་སུ་བསྐམས་པར་ཉིན་གཅིག་མི་འགོར། ཡིན་ནའང་། ངེས་པར་ཏུ་དོགས་ཟོན་བྱེད་དགོས་པ་ཞིག་ལ། དེ་ལྟར་སྐེམ་ཚེ་མདོག་ལེགས་པོ་ཡོད་རུང་། དྲི་འཆོར་བའི་ཉེན་ཁ་ཡོད་ལ། དབྱར་རྩྭའི་སྨན་ནུས་ལའང་གནོད་མིན་སུས་ཀྱང་ཞིབ་འཇུག་བྱས་མྱོང་མེད།

མདོར་ན་ཉི་སྐེམ་དང་སོལ་སྐེམ་གང་ཡིན་རུང་། དབྱུག་པ་གཙང་མ་སོགས་ཀྱིས་དབྱར་རྩྭ་སྟེང་འོག་བསྒྱུར་བ་ལས་ལག་པ་དང་། སྣུམ་དང་ནག་ནོག་སོགས་འགོས་ཡོད་པའི་ལག་ཆས་གཏན་ནས་སྐེམ་མི་རུང་། དེ་ལྟར་བྱས་ན་དབྱར་རྩྭའི་ཁ་དོག་ལ་གནོད་པས་རིན་གོང་འོས་བབས་ཤིག་ཐོབ་མི་ཐུབ། གལ་ཏེ་གོང་གི་རིམ་པ་བཞིན་ལེགས་པར་བསྐམས་པ་ཞིག་ཡིན་ན། འབུ་གཞོན་གྱི་རྭ་ཐུང་བས་རྒྱ་མ་དོ་ཕྱེད་བསྐམས་ན་རྒྱ་མ་གང་འདུག་ཐུབ་ཀྱིན་ཡོད་ལ།  འབུ་དར་མའི་རྭ་ཆེན་པོ་ཡོད་པས་རྒྱ་མ་གསུམ་ཕྱེད་ཀྱིས་རྒྱ་མ་གང་འདུག་ཀྱིན་ཡོད།   འབུ་རྒན་ནི་ལུས་ཕྲ་ལ་ནང་སྙིང་ཕལ་ཆེར་རྭ་མགོར་སྤོར་ཟིན་པས་རྒྱ་མ་བཞི་ཕྱེད་ནས་ལྔ་ཙམ་གྱིས་ད་གཟོད་རྒྱ་མ་ལས་འདུག་ཐུབ་ཀྱིན་མེད།  

བཅུ་གཅིག་པ། དབྱར་རྩྭའི་མ་འོངས་པར་ཚོད་དཔག་བྱས་པ།
དང་པོ། དབྱར་རྩྭའི་ཚོང་ར།
ཤར་ལྷོ་སློབ་ཆེན་མཁལ་ནད་ཞིབ་འཇུག་ཁང་དང་ཤར་ལྷོ་སློབ་ཆེན་གྱི་ཁོངས་གཏོགས་ཀྲུང་གོ་གསོ་རིག་སློབ་གླིང་གི་མཁས་དབང་རྣམ་པས་མཛད་པའི་དབྱར་རྩྭ་དགུན་འབུའི་ད་ཡོད་གནས་ཚུལ་དང་སྨན་བཅོས་ཡར་རྒྱས་ཞེས་པའི་དཔྱད་རྩོམ་དུ་བསྟན་པའི་དབྱར་རྩྭ་དགུན་འབུའི་ཕན་ནུས་ལ་གཞིགས་ན་མ་འོངས་པར་དབྱར་རྩྭའི་རིན་ཐང་ཇེ་ཆེ་ལས་ཇེ་དམའ་རུ་ཆགས་མི་སྲིད་ཅིང་། གཅིག་བྱས་ན། སྨན་རྩྭ་དེ་ནི་རིམས་ནད་ཀྱི་གཏེ་བོ་ཨ་ཙིའི་ནད་ངན་འཇོམས་པའི་ཆེས་མཐའ་མཇུག་གི་གཉེན་པོ་རུའང་མི་འགྱུར་བའི་ངེས་པ་གཏན་ནས་མེད་པས། དབྱར་རྩྭའི་རྒྱུན་འཆད་དུ་མི་འཇུག་པ་ནི་བོད་མི་རིགས་ཀྱི་འཚོ་བ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས་མ་ཚད། མིའི་རིགས་ཀྱི་མ་འོངས་པར་ཀྱང་ཐེ་གཏོགས་ཐུབ་པའི་སྨན་རྩྭ་འགེངས་ཆེན་ཞིག་ཏུ་མི་འགྱུར་བའི་ངེས་པ་ཅི་ཡང་མེད།

གཉིས་པ། དབྱར་རྩྭའི་རྨོ་འདེབས།
དབྱར་རྩྭ་དགུན་འབུ་འདི་གོང་དུ་བརྗོད་པ་བཞིན་འབུ་ཡི་ལུས་ལ་དུག་སྲིན་ཞུགས་ནས་རྩྭ་རུ་གྱུར་བའི་རྩྭ་མ་འབུའི་ཤ་མོའི་རིགས་ཤིག་ཡིན་པ་དང་། མདོ་དབུས་མཐོ་སྒང་རྐྱང་བར་སྐྱེས་པའི་སྐྱེ་དངོས་ཤིག་ཡིན་པས། དེ་མིས་བཟོས་རྨོ་འདེབས་བྱེད་དགོས་ན། འབུ་དང་དུག་སྲིན་། ཐུན་མིན་གྱི་ཁོར་ཡུག་བཅས་ལས་གཅིག་ཀྱང་མེད་མི་རུང་། དེས་ན། རང་རྒྱལ་ལ་མཚོན་ན་ད་དུང་ཕྱེ་ལེབ་ཀྱི་འབུ་ཕྲུག་མང་པོ་གསོ་སྐྱོང་བྱེད་པའི་ལག་རྩལ་དར་མེད་ཅིང་། འབུ་ཕྲུག་རེ་ཟུང་ལ་དུག་སྲིན་ཞུགས་པའི་ལག་རྩལ་ཙམ་ཡོད་རུང་། དབྱར་རྩྭ་ནི་མཚན་ལྡན་དང་མཚན་མེད་བཅས་རྣམ་པ་མི་འདྲ་བ་གཉིས་ཀྱིས་གྲུབ་ཡོད་པས། དབྱར་རྩྭའི་ངོ་བོ་ལྡན་པའི་རྩྭ་མ་འབུ་གཅིག་ཀྱང་གསོ་སྐྱོང་བྱེད་ཐུབ་མེད། བརྒྱ་ལ་གང་ཞིག་གིས་རྩྭ་མ་འབུ་དེ་འདྲ་ཞིག་གསོ་ཐུབ་པའི་དབང་དུ་བཏང་རུང་། ཁྱད་མཚར་གྱི་མཐོ་སྒང་གནམ་གཤིས་དང་། ཉི་འོད་ཀྱི་འཕྲོ་འགྱེད། ནུས་ཁོངས་ཀྱི་ཟུངས་བཅུད་སོགས་གཅིག་ཀྱང་མ་ལུས་པ་ཞིག་ཡོང་ཐབས་གཏན་ནས་མེད་པས་དབྱར་རྩྭ་རྨོ་འདེབས་ཀྱི་ལག་རྩལ་དར་མི་སྲིད་ལ། དར་ཀྱང་གཞི་རྒྱ་ཆུང་ཞིང་། སྨན་ནུས་དམན་པས་རང་བྱུང་གི་དབྱར་རྩྭ་ལྟར་བྲིན་མི་སྲིད་སྙམ། གསུམ་པ། དབྱར་རྩྭའི་ས་བོན་འཇོག་ཐབས།

ཝིན་རོག་ཚོགས་པས་སྤེལ་བའི་དབྱར་རྩྭ་དགུན་འབུ་དང་ཁོར་ཡུག་སྲུང་སྐྱོབ་ཞེས་པའི་དེབ་ཆུང་དུ་རྟའུ་བ་བློ་བཟང་བཀྲ་ཤིས་ཀྱིས། སྔར་ཡིན་ན་འབུ་རྐོན་ཉུང་བས་འབུ་རྭ་ས་བོན་དུ་གྱུར་ནས་ཕྱིར་ལོའང་འབུ་མང་པོ་ཡོད་རུང་། ད་ལྟ་ལོ་རེ་བཞིན་འབུ་རྐོན་ཇེ་མང་དུ་སོང་བ་དང་། འབུའི་རྒྱུད་སྤེལ་བར་དོ་སྣང་མི་བྱེད་པས་ལོ་རེ་ལས་ལོ་རེས་ཇེ་ཉུང་རེད་ཅེས་གསུངས་འདུག་པ་དང་། ནང་ལོག་གི་དབྱར་རྩྭ་དགུན་འབུའི་ཞིབ་འཇུག་པ་གྲགས་ཅན། དབྱར་རྩྭའི་པའེ་ལེན་སྤྱིན་ཐུམ་གྱི་ཐོན་འབྱེད་པ། ཧྭ་ཏུང་སྨན་རིགས་བཟོ་གྲྭའི་སྤྱི་ཁྱབ་བཟོ་བཀོད་མཁན་དང་སློབ་དཔོན་ཆེན་མོ་ཁི་ཁྲན་ཁེ་ལགས་ཀྱིས་གསུངས་བ་ལྟར་ན། དབྱར་རྩྭ་འབུ་རྒན་དུ་གྱུར་རྗེས་རྒྱུད་སྤེལ་ཐིག་ལེ་ས་གསེང་དུ་ཐུམ་ཀྱིན་ཡོད་མོད། ང་ཚོས་བརྩེ་བ་མེད་པར་དབྱར་རྩྭའི་བུ་རབས་ཚ་རྒྱུད་ནས་རྩ་མེད་གཏོང་གིན་ཡོད་ཅེས་གསུངས་པས། གལ་ཏེ་དབྱར་རྩྭ་དོ་དམ་ལྷན་ཚོགས་ཀྱི་བཀོད་འདོམས་སམ། བླ་དཔོན་རེ་ཟུང་གི་དབུ་ཁྲིད་འོག དབྱར་རྩྭའི་རྭ་ཅོ་ཉོ་འཚོང་བྱེད་པ་བཀག་སྡོམ་བྱེད་པ་དང་།  དེང་སང་རྩྭ་ས་བདག་གཉེར་གྱི་རིག་ལམ་དུ་འབོད་པའི་འཕྲལ་འགོག་ཏེ་རྩྭ་ས་གང་ཞིག་དུས་ཡུན་ངེས་ཅན་ཞིག་གི་ནང་འགོག་སྲུང་བྱེད་པ་དང་། ཕུགས་འགོག་ཏེ་དུས་གཏན་དུ་འགོག་སྲུང་བྱེད་པ། རེས་འགོག་ཏེ་ད་ལོར་འདིར་བརྐོས་རུང་། སང་ལོ་གཞན་ཞིག་ནས་བརྐོ་བ་སྟེ་རྩྭ་ལ་ཐང་རེས་མོས་ཀྱི་ངལ་གསོ་དང་སོར་ཆུད་བྱེད་དུ་འཇུག་པ་སོགས་ཐབས་ལམ་བེད་སྤྱད་ན། ད་གཟོད་དབྱར་རྩྭ་དགུན་འབུའི་རྒྱུན་མི་འཆད་པར་མིའི་རིགས་ལ་ཞབས་འདེགས་ཞུ་བའི་གོ་སྐབས་ཡོད་སྙམ་མོ། །  

བཅུ་གཉིས་པ། དབྱར་རྩྭའི་ཚོང་བྱེད་སྟངས།
དང་པོ། དབྱར་རྩྭའི་གོང་ཚད།
ཕྱི་རྒྱལ་གྱི་དབྱར་རྩྭའི་ཞིབ་འཇུག་པ་ཏའེ་ནོལ་ཝིན་ཁུ་ལིར་ཞེས་པས་དབྱར་རྩྭའི་སྐོར་གྱི་གསུང་རྩོམ་ཅིག་གི་ནང་དུ་༢༠༠༦གི་ལོར་ཀྲུང་གོའི་མཚོ་རྒྱུད་གྲོང་ཁྱེར་དང་ཧོང་ཁོང་། ཨ་རིའི་སན་ཧྥི་རན་སེ་སི་ཁོ་གྲོང་ཁྱེར་དག་ཏུ་དབྱར་རྩྭ་སྤྱི་རྒྱ་གང་གིས་དམངས་སྒོར་ཉིས་འབུམ་བཞི་ཁྲིའམ་ཨ་སྒོར་ཉིས་ཁྲི་སུམ་སྟོང་ཁུག་གིན་ཡོད་རབས་འདུག་རུང་། ད་ལོའི་རྒྱལ་ནང་གི་ཚོང་ར་དག་ཏུ་གོང་ཚད་རྩིས་ཁྲ་བཀོད་པ་ལྟར་ན། སྤྱི་རྒྱ་གང་ལ་འབུ་རྐང་༡༨༠༠མན་ཅན་གྱི་འབུ་རྒྱལ་སྤྱི་རྒྱ་གང་གིས་དམངས་སྒོར་ཆིག་འབུམ་བཞི་ཁྲི་དགུ་སྟོང་ཙམ་ལས་ཐོབ་ཐུབ་ཀྱིན་མེད་ཅིང་།   སྤྱི་རྒྱ་གང་ལ་འབུ་རྐང་༢༠༠༠ནས་༢༤༠༠བར་ཅན་གྱི་འབུ་མཆོག་སྤྱི་རྒྱ་གང་གིས་དམངས་སྒོར་ཆིག་འབུམ་ཉིས་ཁྲི་དགུ་སྟོང་ཙམ་ལས་ཐོབ་ཐུབ་ཀྱིན་མེད། སྤྱི་རྒྱ་གང་ལ་འབུ་རྐང་༣༠༠༠ནས་༣༥༠༠བར་ཅན་གྱི་འབུ་གཞོན་སྤྱི་རྒྱ་གང་གིས་དམངས་སྒོར་དགུ་ཁྲི་ཆིག་སྟོང་ལྔ་བརྒྱ་ཙམ་ལས་ཐོབ་ཐུབ་ཀྱིན་མེད་ཅིང་། སྤྱི་རྒྱ་གང་ལ་འབུ་རྐང་༤༠༠༠ནས་༤༥༠༠བར་ཅན་གྱི་འབུ་དར་མ་སྤྱི་རྒྱ་གང་གིས་དམངས་སྒོར་དྲུག་ཁྲི་བཞི་སྟོང་ཙམ་ལས་ཐོབ་ཐུབ་ཀྱིན་མེད། དེ་བཞིན་སྤྱི་རྒྱ་གང་ལ་འབུ་རྐང་༥༠༠༠ནས་༦༠༠༠བར་ཅན་གྱི་འབུ་རྒན་སྤྱི་རྒྱ་གང་གིས་དམངས་སྒོར་བཞི་ཁྲི་དྲུག་སྟོང་ལྔ་བརྒྱ་ཙམ་ལས་ཐོབ་ཐུབ་ཀྱིན་མེད།

གཉིས་པ། དབྱར་རྩྭ་ཁེར་ཚོང་བྱེད་ཐབས།
རོང་འབྲོག་གི་མི་སེར་དཀྱིས་མ་ཚོས་རི་མགོ་ནས་རང་ཉིད་ལ་འཁྱེར་བདེ་བ་དང་། འཆག་དང་རྙིད་མི་འགྲོ་བ། གནས་སྐབས་ཀྱི་སྒོར་མོའི་ཉག་མཁོ་སོགས་ལ་དམིགས་ནས་དབྱར་རྩྭ་ཕྱིར་འཚོང་བྱེད་པ་ཕལ་ཆེར་ནི་ཁེར་ཚོང་གི་ཁོངས་སུ་གཏོགས། དེ་ལྟར་བྱས་ན་རིན་གོང་འོས་འཚམས་ཤིག་ཐོབ་ཐུབ་ཀྱིན་མེད་རུང་། ཉེན་ཁའང་ཆེན་པོ་མེད་པས། མི་སེར་ཕལ་ཆེར་ཞིག་གིས་རི་མགོ་ནས་ཕྱིར་ཚོང་བྱེད་ཀྱིན་ཡོད། ཡིན་ནའང་། སྐབས་དེར་སེམས་ལ་ངེས་དགོས་པ་ཞིག་ལ། དེང་སང་ཚོང་བ་ཁ་ཤས་ཀྱིས་ས་གནས་མི་སེར་གྱི་མགོ་བསྐོར་ཏེ་ཅུང་སྔོན་དུ་འབུ་གོང་མར་ཆགས་སོང་རབས་སམ་ཅུང་ཙམ་གྱི་རྗེས་ནས་འབུ་གོང་ལྡབ་འགྱུར་གྱིས་མར་ལྷུང་རྒྱུ་ཡིན་ཚུལ་སོགས་བརྗོད་དེ་ཁྱེད་ཀྱི་ལག་ནས་དབྱར་རྩྭ་གོང་སླ་མོས་ལོན་ཐབས་བྱེད་བཞིན་ཡོད་པས། རང་ཉིད་རི་མགོར་ཡོད་པ་ཙམ་ལ་ཁ་གཡར་ཏེ་རིན་གོང་འདྲི་རྩད་མི་གཅོད་པར་ལམ་སང་བཙོང་བ་སོགས་བྱེད་མི་རུང་ལ། མི་ཆ་མེད་རྒྱུས་མེད་དག་གིས་ཚོང་བ་ཆེན་པོར་བརྫུས་ནས་མགོ་སྐོར་སྲིད་པས་དེ་ཚོར་བཙོང་རྒྱུར་དོགས་ཟོན་བྱེད་དགོས་ཤིང་། དེ་ལས་ཀྱང་མི་ཕུགས་ཐུབ་ངོ་མ་མིན་ན་དངུལ་ལོ་ཆད་འཇོག་སོགས་གཏན་ནས་བྱེད་མི་རུང་།

གསུམ་པ། དབྱར་རྩྭ་སྡེབ་ཚོང་བྱེད་ཐབས།
གལ་ཏེ་ཁྱེད་རང་ཚོང་མགོའི་ཆེས་གསར་ཆ་འཕྲིན་ཤེས་རྟོགས་ཐུབ་པའི་ཚོང་བ་ཞིག་མིན་ན། ལག་ནས་དབྱར་རྩྭ་མང་པོ་འཛིན་པ་ནི་ཤིན་ཏུ་ནས་ཉེན་ཁ་ཅན་ཞིག་ཡིན། རྒྱུ་མཚན་ནི་དེང་སང་གི་དབྱར་རྩྭའི་གོང་ཚད་དང་ཁང་བའི་གོང་ཚད་གཉིས་པོ་འདྲ་མཚུངས་ཀྱིས་ལྦུ་སོབ་དཔལ་འབྱོར་གྱི་རྣམ་པ་ཞིག་ཆགས་ཀྱིན་ཡོད་པ་སྟེ། ཐོག་མར་རིན་གོང་འཕར་བ་ན་མི་རྣམས་ཀྱིས་ད་དུང་འཕར་བར་འགྱུར་རོ་བསྙམས་ཏེ་ཉོ་མཁན་གསར་པ་མང་དུ་འབྱུང་ཞིང་། ཉོ་མཁན་ཚོས་མ་འོངས་པར་རིན་གོང་ལྷག་པར་འཕར་བའི་ཁེ་སྐྱེད་ལ་དམིགས་པ་ལས་མ་རྩའི་རིན་ཐང་དངོས་ཀྱི་ཁེ་ལ་མི་སེམས་པ་འདི་ནང་ལོག་སོགས་ཀྱི་ནུས་པ་ཅན་གྱི་ཚོང་ཆེན་རེ་ཟུང་གི་ལག་ཆར་གྱུར་ཏེ་གོང་ཚད་ལ་ཕྱོགས་རེ་བའི་འགྱུར་བ་གཏོང་ཐུབ་ཀྱིན་ཡོད་ལ། འགྱུར་བ་དེ་རིགས་ཀྱིས་བོད་ཁུལ་གྱི་ཚོང་བ་ཆུང་ཆུང་ཞིག་ཡིན་ན་ནི་མ་རྩ་རྨང་ནས་རྡིབ་བྱེད་མི་བགྱི་བའི་ངེས་པ་ཅི་ཡང་མེད། དེ་བས། རིན་གོང་འོས་འཚམས་ཀྱི་སྐབས་སུ་ཅི་ནུས་གང་ནུས་ཀྱིས་ཕྱིར་འཚོང་བྱས་ཤིང་། ལག་གི་སྒོར་མོ་འཁོར་རྒྱུག་བྱེད་དུ་འཇུག་དགོས་པ་ཤིན་ཏུ་གནད་ཆེ།

གཞན་དེང་སང་རྒྱ་ཡུལ་སོགས་ནས་ཡོང་བའི་ཚོང་བ་ལ་ལས་ཁྱིམ་དངུལ་ག་ཙམ་ཡོད་པ་དང་ཐོན་དངུལ་ཅི་ཙམ་ཡོད་པ་སོགས་ཀྱི་འཛིན་ཡིག་ཁྱེར་ཡོད་མཁན་དང་། བརྙན་རིས་བཟུང་ཡོད་མཁན། མིང་བྱང་དང་དཔང་རྟགས་བཏགས་ཡོད་མཁན་མང་པོས། དེ་རིང་དངུལ་བྱང་ལ་སྐྱོན་ཤོར་བའམ། རོགས་པ་སུ་ཞིག་ད་དུང་མ་ཐོན་པར་ཁ་གཡར་ཏེ་སྒོར་མོ་སང་ཉིན་ཐོན་དང་གནངས་ཉིན་ཐོན་ཟེར་ནས་ཁྱེད་ཀྱི་ལག་ནས་དབྱར་རྩྭ་བསླུ་ཐབས་ལ་འབད་བཞིན་ཡོད།  འཛིན་ཡིག་དང་དཔང་ཡིག་རྫུན་མ་བཟོ་དགོས་ན་ཁོང་ཚོ་ལས་མཁས་པ་མེད། དེ་བདེན་རྫུན་གྱི་དབྱེ་བ་ང་ཚོའི་སུས་ཀྱང་འབྱེད་མི་ཐུབ་པས། བློས་ཐུབ་ཀྱི་གྲོགས་པོ་ངོ་མ་དང་ཡིད་རྟོན་རུང་བའི་བོད་མི་དག་མ། ཡང་ན་གཏན་སྡོད་ཀྱི་ཚོང་ཁང་ཡོད་པའི་ནང་ལོག་གི་ཚོང་དཔོན་ཆེན་པོ་སོགས་མིན་ན་གང་དགར་དངུལ་ལོ་ཆད་འཇོག་བྱེད་མི་རུང་མ་གཏོགས། ད་ལོའི་དཔྱིད་དུས་དུ་ནང་ལོག་ཁྲི་འདུ་ནས་ལི་ཐང་དང་ཉག་ཆུ་ཁའི་ཚོང་བ་ཁ་ཤས་ལ་ཁང་བ་དང་ར་སྐོར་གླས་མ་བསྟན་ཅིང་། རྒྱ་མི་ཚོ་ཁང་བའི་ལྟག་སྒོ་བརྒྱུད་དེ་བྲོས་པས་དམངས་སྒོར་ས་ཡ་ལྔ་ནས་དྲུག་གི་མ་རྩ་རྡིབས་པའི་གནས་ཚུལ་ངོ་མ་ཐོས་རྒྱུ་འདུག་གོ།

བཞི་པ། དབྱར་རྩྭའི་ཚོང་ཁང་འཛུགས་པ།
དེང་སང་བོད་ཁུལ་དང་མཚོ་རྒྱུད་གྲོང་ཁྱེར་བར་གྱི་དབྱར་རྩྭའི་རིན་གོང་ལ་བར་ཁྱད་ཧ་ཅང་ཆེན་པོ་ཡོད། དེ་ནི་ས་གནས་དབུལ་ཕྱུག་གི་ཁྱད་པར་གྱིས་འཛད་སྤྱོད་བྱེད་སྟངས་མ་འདྲ་བས་ཡིན་ལ། ཐོན་རྫས་ཀྱི་མགོ་ཁུངས་ཏེ་བོད་ཡུལ་དང་ཚོང་རའི་མགོ་ཁུངས་ཏེ་མཚོ་རྒྱུད་གྲོང་ཁྱེར་གཉིས་ཀྱི་བར་ཐག་རིང་དྲགས་པས་བར་ཟས་ལེན་མཁན་གྱི་ཚོང་བ་མང་པོས་འཚང་ཁ་ཤིག་ཤིག་བྱེད་ཀྱིན་ཡོད་པས་ཀྱང་ཡིན། དེས་ན་ཅི་ལྟར་བྱས་ཏེ་ཐོན་རྫས་དང་ཚོང་རའི་བར་ཐག་ཇེ་ཐུང་དུ་གཏོང་དགོས་ཤེ་ན། བོད་ཀྱི་ཚོང་བ་ཚོ་མཚོ་རྒྱུད་གྲོང་ཁྱེར་ཏུ་སོང་ནས་ཚོང་མགོ་འཚོལ་བ་དེ་ཐབས་གཅིག་ཡིན་ཀྱང་། གལ་ཏེ་ཚོང་བྱེད་ཆོག་ཡི་གེ་སོགས་མེད་ན་རྒྱ་ཡུལ་ནས་དབྱར་རྩྭ་འབོར་ཆེན་གྱིས་ཚོང་བྱེད་སྐབས་གོང་རིམ་གྱིས་གཞུང་བཞེས་བྱེད་པའི་ཉེན་ཁ་ཤིན་ཏུ་ཆེ་བས། དེ་ནི་ཐབས་ལམ་བཟང་བོ་ཞིག་ཅི་ཡང་མ་ཡིན། དེ་ལས། བོད་ཀྱི་ལས་འབྲས་བསླུ་བ་མེད་པ་ཁས་ལེན་ཅིང་། མི་རིགས་དང་མང་ཚོགས་ལ་ཤ་ཚ་ཞིང་སྙིང་ཉེ་བའི་ཚོང་དཔོན་ཁ་ཤས་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱིས་མཚོ་རྒྱུད་གྲོང་ཁྱེར་ནས་ལྗང་མདོག་དང་རང་བྱུང་གི་ཡུལ་ཐོན་ཁྱད་རྫས་སྤྱི་གཉེར་ཁང་ཆེན་པོ་ཞིག་འཛུགས་པ་དང་། ས་གནས་སོ་སོར་མཉམ་སྒྲུབ་ཚོང་སྡེ་མང་པོ་བཙུགས་ཏེ་རང་རང་གི་ཐོན་རྫས་གཞན་ལག་མ་བརྒྱུད་པར་ཐད་ཀར་མཚོ་རྒྱུད་གྲོང་ཁྱེར་གྱི་སྤྱི་གཉེར་ཁང་དུ་འདྲེན་ཐུབ་ན། དེས་ནི་ངལ་རྩོལ་བ་དང་འཛད་སྤྱོད་པ་གཉིས་པོའི་འདོད་དོན་སྐོང་ཐུབ་ཅིང་། སྤྱི་ཚོགས་སུ་དར་དང་དར་བཞིན་པའི་འབུ་རྫུན་གྱི་དུག་ངན་ཀྱང་རྨང་ནས་འཇོམས་པར་ཕན་པ་ཡོད་པ་ཞིག་ཡིན། ཡིན་ནའང་། སྤྱི་གཉེར་ཁང་དེ་འདྲ་ཞིག་སྒྲུབ་པར་གཅིག་ན། སྒོར་མོ་མང་པོའི་མ་རྩ་དགོས་ཤིང་། གཉིས་ན། གོང་འོག་གི་འབྲེལ་བར་བྱང་ཆ་ལྡན་པ། གསུམ་ན། སྐད་གཉིས་སམ་སྐད་གསུམ་གྱི་ལོ་ཙཱར་ཐོགས་རྡུགས་མེད་པ། བཞི་ན། དབྱར་རྩྭའི་ཕན་ནུས་དང་དེའི་རྐོ་སྒྲུབ་ཀྱི་དཀའ་ཁག་སོགས་ལེགས་པོར་ཁྱབ་སྒྲོག་བྱེད་ཤེས་པ། ལྔ་ན། ནང་ཁུལ་གྱི་སྒྲིག་ལམ་སྲུང་ཞིང་མཐུན་སྒྲིལ་ལྡན་པའི་ཚོང་སྡེ་ཞིག་ཡིན་དགོས་ཀྱི། དེ་ལྟར་མིན་ཚེ། མ་རྩ་ཐབ་ཁུང་ནས་རྡིབ་ཅིང་། མི་ཁ་འཛམ་བུ་གླིང་ལ་འཇོག་རྒྱུ་ཞིག་མི་ཡོང་བའི་ངེས་པ་གཏན་ནས་མེད་དོ། །

ལྔ་པ། དབྱར་རྩྭ་བཙོང་སྐབས་ངེས་དགོས་པ་གསུམ།
དང་པོ། དེང་སང་ནང་ལོག་ཁྲི་འདུ་སོགས་ན་ནག་ཚོགས་དང་རྐུན་ཚོགས་སོགས་ཀྱིས་ཆེད་དུ་དབྱར་རྩྭའི་ཚོང་རའི་ཉེ་ཁོར་ན་དབྱར་རྩྭ་ཁུར་བའི་བོད་མི་ཚོར་འཇབ་རྒོལ་བྱེད་ཀྱིན་ཡོད་པས། སྲང་ལམ་འགྲིམ་སྐབས་ལམ་དཀྱིལ་དང་ལམ་ཟུར་ནས་སོང་ན་འཕྲུལ་རྟ་ཞོན་པའི་ཇག་པ་དང་། ཟ་མ་ཟོས་ན་ཟས་མགྲོན་བྱེད་ཁུལ་གྱིས་གཉིད་སྨན་ལྡུད་པའི་ཁྲམ་པ། མལ་དུ་ཉལ་སྐབས་འཇིགས་སྐུལ་གཏོང་མཁན་དང་ཆགས་པས་བྲིད་མཁན་སོགས་གཡོ་ཐབས་ཅི་རིགས་ཡོད་པ་ངེས་པར་ཏུ་ཤེས་དགོས་ལ། འབུ་བརྗེ་མཁན་དང་། ཁུག་མ་དང་འཚགས་སླེ་བརྗེ་མཁན། འཚག་སླེ་སྟེང་མའི་ལྐུབས་ལ་གསང་སྒོ་བཞག་ཏེ་འཚག་རྒྱག་པའི་ཞོར་ལ་རང་ཉིད་ཀྱི་འཚག་སླེ་འོག་མའི་ནང་ལྡུག་པ། སྒོར་མོ་རྫུན་མ་སྟེར་མཁན་དང་། རྒྱ་ཁ་སྣོག་པའི་ཚོང་ཁྲམ་སོགས་ཡོད་པས། རང་ཉིད་ཀྱི་ཁུག་མར་གཞན་དང་མི་འདྲ་བའི་རྟགས་རྒྱག་པ་གལ་ཆེ་ཞིང་། མི་ཚོགས་ཀྱིས་འཚང་ཁ་རྒྱག་སྐབས་གཟབ་ནན་གྱིས་དབྱར་རྩྭ་དང་རང་གི་སྒོར་ཁུག་སོགས་ལ་ཉམས་འཇོག་བྱེད་རྒྱུ་གལ་ཆེ།

གཉིས་པ། དེང་སང་ཚོང་ལས་གསང་བ་གཞན་ལ་མི་འཆོར་བའི་ཆེད་དུ་ཐབས་འཕྲུལ་འདྲ་མིན་སྣ་ཚོགས་ཤིག་དར་གྱིན་ཡོད་ལ། ཐབས་ལ་ལ་ཞིག་བོད་མིར་འཚམས་པོ་མེད་ལ། ལ་ལ་ཞིག་བོད་མིའི་ཆ་རྐྱེན་གྱིས་མི་ལྕོགས་མོད། རི་གྲོང་མང་པོ་ན་ལག་པའི་སོར་མོས་ཨང་གྲངས་མཚོན་པའི་བརྡ་བྱེད་སྟེངས་ཤིག་དར་འདུག འདི་ནི་སྔ་མོ་ནས་ཡོད་པ་ཞིག་ཡིན་རུང་། དེང་སང་རྒྱུན་འཆད་ལ་ཉེ་བས་འདིར་འཚོལ་སྡུད་བྱས་པ་ཡིན། དཔེར་ན། མཐེབ་ཆེན་གྱིས་གཅིག་མཚོན། མཐེབ་ཆེན་དང་གོང་མཛུབ་གཉིས་ཀྱིས་གཉིས་མཚོན། མཐེབ་ཆེན་དང་གོང་མཛུབ། དཀྱིལ་མཛུབ་གསུམ་གྱིས་གསུམ་མཚོན། མཐེབ་ཆེན་དང་གོང་མཛུབ། དཀྱིལ་མཛུབ། སྲིན་མཛུབ་བཞི་ཡིས་བཞི་མཚོན། ལག་མགོ་ལོགས་སེ་བཟུང་ན་ལྔ་མཚོན། མཐེབ་ཆེན་གྱི་མགོ་ཅུང་ནང་དུ་བཀུག་ཅིང་དེའི་ཁར་མཛུབ་ཆུང་བསྣན་ན་དྲུག་མཚོན། མཐེབ་ཆེན་གྱི་མགོ་ཅུང་ནང་དུ་བཀུག་ཅིང་དེའི་ཁར་མཛུབ་ཆུང་དང་སྲིན་མཛུབ་གཉིས་བསྣན་ན་བདུན་མཚོན། མཐེབ་ཆེན་གྱི་མགོ་ཅུང་ནང་དུ་བཀུག་ཅིང་དེའི་ཁར་མཛུབ་ཆུང་དང་སྲིན་མཛུབ། དཀྱིལ་མཛུབ་གསུམ་བསྣན་ན་བརྒྱད་མཚོན། མཐེབ་ཆེན་གྱི་མགོ་ཅུང་ནང་དུ་བཀུག་ཅིང་དེའི་ཁར་མཛུབ་ཆུང་དང་སྲིན་མཛུབ། དཀྱིལ་མཛུབ། གོང་མཛུབ་བཅས་བསྣན་ན་དགུ་མཚོན། ལག་མགོ་ལོགས་སེ་གཅིག་བཟུང་ཞིང་དེ་གཅུ་ཙམ་བྱས་པ་དེས་བཅུ་དང་། གཅུ་ཙམ་བྱས་པའི་ལག་མགོ་དེའི་ཁར་ད་ཅི་བཤད་པའི་གྲངས་ཚབ་གང་ཞིག་འཇོག་རྒྱུ་ཞེས་བཤད་ན་གྲངས་གནས་གཅིག བཅུ། བརྒྱ། སྟོང་། ཁྲི། འབུམ། ས་ཡ། བྱེ་བ། དུང་ཕྱིར་སོགས་ཀྱི་ཁར་གང་ཞིག་འཇོག་པའི་བརྡ་ཡིན། བཅུ་གནས་དང་སྟོང་གནས། ཁྲི་གནས་སོགས་མི་ནོར་བ་ནི་ཚོང་རྫས་ཀྱི་རྒྱུ་སྤུས་ཀྱིས་ཤེས་དགོས་པ་ལས། ཡན་གར་བའི་བརྡ་ཅི་ཡང་མེད། ཡིན་ནའང་། མི་ཁ་ཤས་ཀྱིས་གོ་ནོར་མི་ཁུར་བའི་ཆེད་དུ་སྒོར་ཁྲི་ཚོ་འདིའི་ཁར་བརྒྱ་ཚོ་འདི་བསྣན་ན་ཚོང་རྒྱག་ཆོག་སོགས་ཟེར་སྲོལ་ཡོད།

གསུམ་པ། ཆོས་ལུགས་ཀྱི་བག་ཆགས་ཤིག་གིས་ཡིན་ནམ། གཤིས་བཟང་གཞུང་དྲང་གི་བོད་མིའི་ཤ་གསེང་རུས་གསེང་དུ་གཉུག་མ་ནས་ཡོད་པའི་གཞི་རྒྱུ་ཞིག་ཡིན་པ་སོགས་མི་ཤེས་མོད། ཁ་དྲང་ཁོག་དྲང་གི་བོད་མི་ཚོས་ཚོང་ལས་གསང་བ་སྲུང་འཛིན་དང་ཚོང་ལས་ཉམས་མྱོང་གསོག་ཉར། ཚོང་ལས་སྙིང་སྟོབས་གསོ་སྐྱོང་སོགས་ཤེས་ཀྱིན་མི་འདུག་ཅེས་རྒྱ་མི་ཚོང་བ་དང་རྒྱ་མི་ཆོས་དད་པ་མང་པོས་བཤད་ཀྱིན་འདུག འདི་ནི་མ་འོངས་པའི་སྤྱི་ཚོགས་སུ་ངེས་པར་རྒྱུད་ལ་ཆགས་དགོས་པའི་ཆབ་སྲིད་ཅིག་ཡིན། ཚོང་ལས་གཡོ་ཐབས་སྤྱད་དེ་གཞན་གྱི་མགོ་བསྐོར་དགོས་པ་མ་རེད་དེ། ཚོང་རའི་འགྱུར་བར་ཞིབ་འཇུག་དང་གནས་བབ་ལ་དབྱེ་ཞིབ་ནན་ཏན་བྱས་པ་བརྒྱུད་ཕལ་རྒོལ་དང་ཕྱིར་བཀྱེད། མཚམས་འཇོག་སོགས་ལ་བྱང་ཆུབ་པ་ཞིག་ཡོང་བ་ནི་ཚོང་དཔོན་དག་མ་ཞིག་འབྱུང་མིན་གྱི་ཆ་རྐྱེན་ཉག་གཅིག་ཡིན་པས་ངེས་པར་སེམས་ལ་འཛིན་དགོས་ལ། གཞན་ནམ་ཡང་ཆོག་ཤེས་བག་ཡོད་ཀྱིས་དུས་འདའ་ན་ང་ཚོ་ནི་འཇིག་རྟེན་འདིའི་སྡུག་གྱོང་ཉོ་མཁན་དང་ཕམ་ཁ་ཁུར་མཁན་གྱི་མཚོན་དཔེ་རུ་མི་འགྱུར་བའི་ངེས་པའང་ཅི་ཡང་མེད་པས། གང་ཞིག་ནས་མགོ་བསྐོར་དང་འཕྲོག་བཅོམ་སོགས་ཐེབས་ན། རང་སྲོག་བློས་བཏང་གིས་རང་ཐག་གཅོད་པར་མི་རྩོམ་པར། ཁྲིམས་ལུགས་ཀྱི་ལག་ཆ་ཁྱེར་ཏེ་བདེན་རྫུན་གྱི་དབྱེ་འབྱེད་དང་། དཀར་ནག་གི་སྟོང་འཇལ་སོགས་བྱེད་དུ་འཇུག་པའང་ང་ཚོ་ངེས་པར་ཏུ་གོམས་དགོས་པའི་གནས་ཤིག་གོ།

No comments:

Post a Comment