Search This Blog

Friday, May 11, 2012

25 མཐོ་སྒང་སྨན་རྫས་ཀྱི་འབྱུང་ཁུངས་གནས་རི་གྲགས་ཆེན་གྱི་ལོ་རྒྱུས།


ཡོང་ཁུངས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ། http://zw.guoluo.gov.cn/html/1144/104115.html ལོ།2009 ཟླ།10 ཚེས།30
ཀུན་རྫོབ་རྟེན་འབྱུང་སྒྱུ་མའི་ཡོ་ལང་གིས།། རྣམ་པར་སྣང་བ་གཟུགས་སུ་ཤར་བའི་ཚུལ།།

ཡོན་ཏན་ལྷུན་རྫོགས་འཛམ་གླིང་གནས་མཆོག་སྤྱི།། སར་གནས་འཕགས་པའི་བྱིན་གྱིས་བརླབས་དེར་འདུད།།

དེ་ལས་མདོ་སྨད་མགོ་ལོག་གི། ཡུལ་དབུས་ལྷུན་ཆགས་གནས་ཀྱི་རི།།
བདུད་རྩིའི་གཏེར་སྨན་འབྱུང་གནས་ཀྱི།། བྱེ་བྲག་འགའ་ཡང་བསྙད་པར་བྱ།།

༡། ཨ་མྱེ་རྨ་ཆེན།
ཨ་མྱེ་རྨ་ཆེན་ནི་མགོ་ལོག་རྨ་ཆེན་རྫོང་གི་མངའ་ཁོངས་སུ་ཡོད། དེ་ནི་བོད་སྲིད་པ་ཆགས་པའི་ལྷ་དགུའི་ཡ་གྱལ་དང་། རྗེ་ཁྲི་སྲོང་བཙན་པོའི་མགུར་ལྷ་བཅུ་གསུམ་གྱི་ནང་ཡིན། རྨ་རྒྱལ་གྱི་གནས་འདིར་གླིང་གེ་སར་གྱིས་རྫོང་ཆེན་བཅོ་བརྒྱད་ཕབ་པའི་ནོར་གཏེར་བཅུད་དུ་སྦས་ཡོད་པར་བཤད་པ་དང་། རིན་ཆེན་གཏེར་མཛོད་ཀྱི་བཀའ་སྲུང་ཡིན་པར་གསུངས། གནས་འདིའི་མཚམ་སྣག་ཁ་མདོའི་རི་ངོས་དེར་དཀར་སེར་མཐིང་གའི་ཁ་དོག་དང་བཅས་པའི་རིགས་གསུམ་མགོན་པོའི་སྣང་བརྙན་རང་བྱོན་དང་། ཚུ་རོལ་བཞུགས་ཁྲི་ཐང་ཞེས་པར་རྒྱལ་དབང་ལྔ་བ་དང་འཇམ་དབྱངས་བཞད་པའི་བཞུགས་ཁྲི་ཡོད་ཅེས་ངག་དབང་བདེ་ལེགས་རབ་རྒྱས་ཀྱིས་གསུངས། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་རྡོ་རིང་ཡོད་ཅེས་མདོ་རིན་པོ་ཆེས་གསུངས། ལྷོའི་ཤུག་སྡོང་ཁེར་སྐྱེས་དེ་ཙན་དན་རྐང་གཅིག་ཅེས་མགོན་པོ་ཕྱག་དྲུག་པའི་གནས་དང་། རང་བྱུང་སྨན་ཆུ་དང་གྲུབ་ཆུ་མང་བོ་ཡོད། རྟ་མཆོག་གོང་ཁའི་གངས་རི་ཆུང་ངུ་དེ་ཆིབས་རྟ་གྲོ་ཞུར་གྱི་གནས་དང་། དབུས་ཀྱི་གངས་རི་མཐོན་པོ་དེ་ནི་བསྟན་མ་བཅུ་གཉིས་ལས་རྨ་རི་རབ་འབྱམས་རྡོ་རྗེ་གྲགས་མོ་རྒྱལ་ཞེས་པ་དེའོ། ངང་བའི་གཤོག་ལྟེབ་ནི་ཀླུའི་ཕོ་བྲང་། ཐུགས་དཀར་ནི་བོན་གྱི་ཐུགས་དཀར་སུམ་བརྒྱ་དྲུག་ཅུའི་གནས། དེའི་ཐད་ཀྱི་གངས་རི་དབུས་མ་དེ་ནི་ཇོ་བོ་ཁ་སར་པ་ཎི། མོ་པ་གཏོ་པའི་རི་འདབས་སུ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་བྱང་སེམས་སྒོམ་གནས། གངས་རིའི་རྩེ་མོར་ཁོང་གི་རྫུ་འཕྲུལ་གྱིས་བཞག་པའི་མ་ཎི་ཡོད་ཚུལ་གསང་རྣམ་དུ་གསལ་བར་བཤད། ཕྱེ་རྡུལ་འབྲུ་རྡུལ་ནི་རིན་པོ་ཆེའི་མཛོད། སྒྲོལ་མའི་གྲུབ་ཆུ། ཡབ་སེ་རུ་ངང་ཡག་གི་ངོས་ན་བེེ་རོའི་བཞུགས་གནས། སྒེས་ཐུང་བྲག་དཀར་དུ་བེེ་རོ་དང་ལྷ་ལུང་དཔལ་རྡོར་གྱི་སྒྲུབ་ཕུག  དགྲ་འདུལ་དབང་ཕྱུག་གི་བྲག་དངོས་སུ་སྐུ་ཕྱོགས་རྒྱ་ལི་སྐུ་གོང་མའི་ཕྱག་རྗེས། ཇོ་མོ་གཡང་རའི་ངོས་སུ་ལྷ་རྟ་རྐྱང་ངེ་དང་ལྷ་ཁྱི་དང་ལིའི་ཞབས་རྗེས། འབྲག་ལྡིའི་ལ་ཁར་མཚོ་ཆུང་ཡོད་པ་དེ་ཡུམ་མ་ཕམ་གཡུ་མཚོའི་གནས། སྦས་དཀར་སྟོང་ཤོང་ནི་གནས་བརྟན་ཆེན་པོ་མི་ཕྱེད་པ་དགྲ་བཅོམ་མང་བོའི་འཁོར་དང་བཅས་པ་དངོས་སུ་བཞུགས་པས་རྔ་གླིང་གི་སྒྲ་ཐོས་རྒྱུ་ཡོད་པ་དང་། གནའ་དུས་ཤིག་ལ་ལྷ་ཁང་དཀྱིལ་འཁོར་དང་བཅས་པ་མཇལ་མྱོང་མཁན་ཡོད་པར་བཤད། དགུ་འཕྲང་རི་ཁྲོད་དུ་མ་ཅིག་གིས་སྤྲུལ་བ་ཨ་ནེ་བཟང་མོ་དང་། གཟན་དཀར་གྲུབ་ཆེན། གཏེར་སྲས་ལྷ་ཆེན་སྟོབས་རྒྱལ་སོགས་དམ་པ་མང་བོའི་བཞུགས་གནས་དང་། མདུན་ཕྱོགས་ཀྱི་སྲིབ་རི་མཐོ་བརྗིད་ཅན་དེར་ཨ་ཡིག་རང་བྱོན་དང་རྗེ་ཨ་འབར་ཚང་གི་བཞུགས་གནས། གོ་མཚོན་གྱི་གནས་སུ་གླིང་ཕུ་ནུ་སུམ་ཅུའི་གོ་མཚོན་གཏེར་དུ་བཞུགས་པ་དང་རྡོ་རྗེ་ཕུར་བའི་གནས། གླིང་རི་ནི་གླིང་གིས་ལྷ་བསང་གཏོང་ས་དང་། གཞན་གླིང་གི་རྟ་ར་དང་། ཨ་མྱེ་ལྕགས། འབྲུག་མོའི་ཆུར་ཐང་སོགས་གླིང་གི་སྐབས་ནས་མིང་ཐོགས་པ་མང་དུ་ཡོད་དོ། གནས་འདིའི་ཁོར་ཡུག་ཏུ། ཅོང་ཞི་དང་། ཅུ་གང་། སིན་ངྷུ་ར། མུ་ཟི། རྡོ་ཕ་ཝང་ལོང་བུ། རྡོ་བྱིའུ་མགོ  རྡོ་རྒྱུས། མཐིང་རྒྱུས།  མཚུར་ནག  ཡ་བཀྴ་ར། སྟོང་ཟིལ། མེ་ཏོག་གངས་ལྷ། གངས་ཐིག  གཡའ་ཀྱི་མ། རྒྱ་སྟག་ཟིལ་བ།  དེ་བ། བྱ་རྒོད་སྤོས་སོགས་སྨན་རིགས་མཐའ་ཡས་པ་དང་། རྨ་ཆེན་གྱི་བང་མཛོད་ངྷྰི་༔གནས་སུ་གྲགས་པ་དེར་བཞུ་བའི་ཁམས་ཀྱི་རིན་པོ་ཆེ་དང་རྡོ་སྨན་གྱི་རིགས་མ་ཚང་བ་མེད་པའོ།།

༢། ལོ་ཆེན་བེེ་རོས་མཛད་པའི་རྨ་རྒྱལ་སྦོམ་རའི་གནས་ཡིག་བཞུགས།
ཀུན་བཟང་ཐུགས་སྤྲུལ་ལྷ་ཆེན་སྦོམ་ར་ལ།།  སྒོ་གསུམ་གུས་པ་ཆེན་པོའི་ཕྱག་འཚལ་ལོ།།  བེེ་རོའི་ལུང་བསྟན་གསལ་བྱེད་ཉི་མའི་དཀྱིལ་འཁོར་ལས།།  གནས་མཆོག་ཁྱད་པར་སྦོམ་རའི་མཚན་ཅན་ལ།།  ཞལ་མཐོང་ཙམ་གྱིས་ངན་སོང་སྒོ་མོ་ཁེག ། ཀུན་བཟང་གཤེན་ལྷས་བྱིན་གྱིས་བརླབས་པའི་གནས།།  གྲུབ་ཆེན་བརྒྱད་ཅུས་འགོག་པའི་དོན་དགོངས་པས།།  སྔར་འདས་སངས་རྒྱས་ས་སྟེང་གཤེགས་པའི་ཤུལ།།  ད་ལྟའི་སངས་རྒྱས་གཤེན་རབ་བགྲོད་པའི་གནས།།  མ་འོངས་སངས་རྒྱས་མེ་སྒྲོན་འབྱོན་པའི་ལམ།།  རྩེ་མོ་ནམ་མཁའི་ལྕགས་ཀྱི་གུར་ཁང་ན།།  ཞི་བའི་ལྷ་ཚོགས་ནམ་མཁའི་སྐར་ལྟར་བཀྲ།།  སྐེད་པ་འཇའ་འོད་འཁྱིལ་བའི་གུར་ཁང་ན།།  དབང་དྲག་ཁྲོ་ཚོགས་བར་སྣང་སྤྲིན་ལྟར་གཏིབས།།  རྩ་བ་རྩི་ཤིང་ནགས་ཚུལ་འཛིང་བ་ལ།།  ཞི་ལྷ་བཞི་བཅུ་མ་བཞེངས་རང་བྱོན་ཡོད།།  འཐུག་པོ་བཀོད་པའི་འཇའ་ཚོན་ཉག་ཐག་ཡོད།།  རྐེད་པ་གཡའ་སྔོན་ཁྲལ་ཁྲོལ་ནང་ཤེད་ན།།  རིག་འཛིན་བརྒྱད་ཅུའི་སྒྲུབ་ཕུག་བརྒྱད་ཅུ་ཡོད།།  བཀའ་རྟགས་མི་འདྲ་ངོ་མཚར་མང་བོ་ཡོད།།  རྩ་བ་ཆུ་མིག་ཤིང་ལོ་རྒྱས་འདྲ་ལ།།  ཀླུ་ཡི་སེམས་དཔའ་ལྔ་སྟོང་ལྔ་བརྒྱ་ཡོད།།  བཞི་བརྒྱའི་ནད་སེལ་སྨན་ཆུ་བཞི་བརྒྱ་ཡོད།།  སྨན་ཆུའི་དབུ་ལ་བརྡ་ཡིག་རེ་རེ་ཡོད།།  གཏེར་ཁ་མི་འདྲ་བརྒྱད་ཅུ་རྩ་ལྔ་ཡོད།།  གཏེར་སྲུང་སྟོང་བདུད་དམར་ནག་བཅས་ནས་ཡོད།།  ཤར་ཕྱོགས་གཡུང་དྲུང་འདྲ་བའི་རི་བོ།།  སློབ་དཔོན་པདྨའི་ཁ་ཊྰམ་རྡོ་རྗེ་ཡོད།།  སངས་རྒྱས་སྣང་བ་མཐའ་ཡས་རང་བྱོན་ཡོད།།  བསྟན་བསྲུང་འབར་བའི་སྒྲུབ་སྐོར་དགྲ་འདུལ་ཡོད།།  སྒྲོལ་མ་རང་བྱོན་མགོན་པོ་རང་བྱོན་ཡོད།།  ཆོས་གཏེར་མི་འདྲ་བརྒྱ་དང་རྩ་བརྒྱད་ཡོད།།  རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་ཞབས་རྗེས་ཡོད།།  བཅོམ་ལྡན་ཤྰཀྱ་ཐུབ་པའི་རིང་བསྲེལ་ཡོད།།  བྱང་ཕྱོགས་བུམ་པ་འདྲ་བའི་རི་བོ་ལ།།  དྲི་མེད་ཤེལ་གྱི་མཆོད་རྟེན་བརྒྱ་རྩ་དང་།།  མཁའ་འགྲོ་ཀྱེ་མ་འོད་མཚོ་རང་བྱོན་ཡོད།།  ཕ་བོང་རལ་གྲི་གཤིབ་འདྲའི་རྩ་བ་རུ།།    མཁའ་འགྲོ་ཀུན་འདུས་སྒྲུབ་སྐོར་གཏེར་དུ་ཡོད།།  གཏེར་སྲུང་མཁའ་འགྲོ་སེང་གདོང་ བཅས་ནས་ཡོད།།  ཕ་བོང་སྦྲུལ་སྦལ་འདྲ་བའི་གཡས་ཟུར་ན།།  མཛེ་ནད་སེལ་བའི་སྨན་ཆུ་རང་འཁྱིལ་ཡོད།།  རྩི་ཤིང་ཀུན་ཀྱང་འཕན་གདུགས་ཚུལ་དུ་ཡོད།།  མཁའ་འགྲོ་ཀུན་གྱི་བཀའ་རྟགས་གྲངས་མང་ཡོད།།  ཡུམ་ཆེན་ཐུགས་རྗེ་ཀུན་སྒྲོལ་རང་བྱོན་ཡོད།།  ཁྲོ་རྒྱལ་རཀྴ་དབུ་གསུམ་རང་བྱོན་ཡོད།།  དྲེགས་པ་བཅོ་བརྒྱད་སྟོང་བདུན་རང་བྱོན་ཡོད།།  རྒྱ་བོན་ཟིང་བ་མཐུ་ཆེན་ཞབས་རྗེས་ཡོད།།  ཁྲོ་བོ་གཙོ་མཆོག་མཁའ་འགྱིང་རང་བྱོན་ཡོད།། རླུང་གི་ས་ལེ་འོད་ཀྱིས་རང་སྒྲ་སྒྲོགས།།  རིག་འཛིན་སྟོང་བརྒྱད་མཐུ་ཆེན་སྒྲུབ་ཕུག་ཡོད།།  མཚོ་ལ་ཀླུ་སྒྲུབ་སྙིང་བོ་རང་བྱོན་ཡོད།།  ལས་ཅན་སྐྱེས་བུས་སྐྱེ་བ་སྔ་ཕྱི་མཐོང་།།  ཐང་ལ་གཡུང་དྲུང་ས་བཅུའི་བགྲོད་གནས་ཡོད།།  རྡོ་ལ་གསལ་བ་དགུ་འཛབ་རང་བྱོན་དང་།།  ཁྲག་གདོང་སྟག་གདོང་བསྟན་མ་རང་བྱོན་ཡོད།།  ཀུན་བཟང་གཤེན་ལྷ་་གཙོ་འཁོར་རང་བྱོན་ཡོད།།
        ནུབ་ཕྱོགས་རི་བོ་བན་གླང་འགྱིང་འདྲ་ལ།།  དབལ་བོན་སྟག་ལྷ་མེ་འབར་རང་བྱོན་དང་།།  ཁྲག་གདོང་སྟག་གདོང་བསྟན་མ་རང་བྱོན་ཡོད།།  དྲག་པོ་མཐུ་ཡི་གཏེར་ཁ་དེ་ན་ཡོད།།  ཐུགས་རྗེ་བྱམས་མའི་གསང་ཆུ་རང་འབབ་ཡོད།།  དྷ་ཤ་གྷྲི་ཝ་བསྒྲལ་བའི་གཞུ་མོ་དང་།།  མེ་ལྷ་བཞི་བཅུ་མེ་འབུད་གཏེར་དུ་ཡོད།།  ཕ་བོང་དུག་སྦྲུལ་འདྲ་བའི་རྩ་བ་རུ།།  གསང་བ་འདུས་པའི་གཟིག་གི་ཐུལ་བ་དང་།།  གསེར་གྱི་བེར་རྒ་རྩེ་དགུ་གཏེར་དུ་ཡོད།།  གཏེར་སྲུང་བཀའ་གསང་ལྷ་མོ་བཞུགས་ནས་ཡོད།།  ཕ་བོང་དཔལ་སྟག་ཁྲ་བོ་མཆོང་འདྲ་ལ།  ཛྭ་ཡི་གཏེར་ཁ་ཛྭ་ཡི་སྒྲུབ་སྐོར་ཡོད།།  གསེར་གྱི་རྣ་རུ་དབལ་ཆུ་གཏེར་དུ་ཡོད།།  གཏེར་སྲུང་རྒྱལ་ཆེན་ཉི་པང་སད་ཝེར་ཡོད།།  མགོན་པོ་རྣམ་གསུངམ་རང་བྱོན་དངོས་སུ་ཡོད།།  ཐེའུ་དམལ་བཏགས་པའི་བཀའ་རྟགས་ཡོད།།  མཚོ་ལ་མགོ་ཡི་ཛྭ་དམར་རང་འཁྱིལ་ཡོད།།  རྒྱལ་བསེན་བྲན་དུ་འཁོར་བའི་ཆུ་མིག་ཡོད།།  རྡོ་ལ་དབལ་གྱི་ཕུར་བ་རང་བྱོན་ཡོད།།  ཞང་ཞུང་སྟག་སྣ་རྒྱལ་པོའི་ཞབས་རྗེས་ཡོད།།  རིན་ཆེན་གསེར་གྱི་གཏེར་ཁ་གྲངས་མེད་ཡོད།།  གཏེར་བདག་ཆུ་དབང་རྒྱལ་པོ་བཅས་ནས་ཡོད།།  ཕ་བོང་དཀར་བོ་སེང་ཆེན་འདྲ་བ་ལ། མཐའ་དམག་བཟློག་པའི་རལ་གྲི་གཏེར་ཁ་ཡོད།།

        ལྷོ་ཕྱོགས་མེ་རི་འདྲ་བའི་རི་བོ་ལ།།  སྲིད་རྒྱལ་དབུ་བརྒྱ་ཕྱག་སྟོང་རང་བྱོན་ཡོད།།  བོན་སྐྱོང་དམ་ཅན་རྒྱ་མཚོའི་སྒྲུབ་སྐོར་ཡོད།།  གཏེར་བདག་བཀའ་གསང་ལྷ་མོ་བཅས་ནས་ཡོད།།  བྲག་སྔོན་ཁྱུང་གཤོག་འདྲ་བའི་རྩ་བ་རུ།།  བོན་སྐྱོང་མ་བདུད་བཙན་གསུམ་རང་བྱོན་ཡོད།།  དྲག་པོ་ཐོག་གི་གཏེར་ཁ་དེ་ན་ཡོད།།  གཏེར་སྲུང་གནམ་ལྷ་དཀར་པོས་བསྲུང་ནས་ཡོད།།  བྲག་དམར་ཤ་བ་འདྲ་བའི་རྩ་བ་རུ།།  དམར་བོ་བཙན་གྱི་སྲོག་ཡིག་གཏེར་དུ་ཡོད།།  སྤེ་བོན་ཐོག་འཕྲུལ་ཕྱག་རྗེས་འཕར་མ་ཡོད།།  རྩེ་མོ་མེ་ལྕེ་ཆད་འདྲའི་ཕ་བོང་ལ།།  རིག་འཛིན་དྲན་པ་ཡབ་སྲས་རང་བྱོན་ཡོད།།  སྲིད་གསུམ་ཟིལ་གནོན་ཁྱུང་གི་སྒྲུབ་སྐོར་ཡོད།།  གཏེར་བདག་རྫུ་འཕྲུལ་སྨན་བཞིས་སྲུང་ནས་ཡོད།།  ཕ་བོང་དམག་མི་འཚོགས་འདྲའི་ནང་དུ་ཡང་།།  དཔལ་མོ་གཟི་གྱད་སྤར་གསུམ་རང་བྱོན་ཡོད།།  སྡེ་བརྒྱད་ལྷ་འདྲེ་སྲོག་གི་གཏེར་ཁ་ཡོད།།  གཏེར་སྲུང་བྱང་སྨན་རྒྱལ་མོ་བཅས་ནས་ཡོད།།  མཚོ་མོ་མེ་ཏོག་འདྲ་བའི་དབུས་དཀྱིལ་ན།།  ཀླུ་རྒྱལ་གཙུག་ན་རིན་ཆེན་རང་བྱོན་ཡོད།།  ཀླུ་ཡི་བོན་སྐོར་ཁམས་གསུམ་འགྲས་བསྡུམ་ཡོད།།  གཏེར་སྲུང་ཀླུ་རྒྱལ་འཇོག་པོ་བཅས་ནས་ཡོད།།  སྤུང་རི་མདའ་གམ་འདྲ་བའི་ནང་དུ་ཡང་།།  གཏེར་སྲུང་ཐུགས་སྤྲུལ་མ་བཞི་བཅས་ནས་ཡོད།།  ཕ་བོང་གཡུ་འབྲུག་གནམ་ལ་གཤེགས་འདྲ་ལ།།  སྤྲུལ་སྐུ་འདུལ་བ་གཤེན་དྲུག་རང་བྱོན་ཡོད།།  ཕྱོགས་བཞིར་དུས་བཞིའི་རྒྱལ་མོ་རང་བྱོན་ཡོད།།  མཚམས་བཞིར་མཁའ་འགྲོ་སྡེ་བཞི་རང་བྱོན་ཡོད།།  རི་བོ་དེ་ལ་བསྐོར་བ་གསུམ་བྱས་ན།།  ས་བཅུ་གཡུང་དྲུང་སེམས་དཔའི་གྲལ་དུ་སྐྱེ།།  སླར་ཡང་ལྔ་བདོ་དུས་ཀྱི་ཐ་མ་ལ།།  རྨ་གཉན་སྦོམ་ར་བྱིན་རླབས་ཤིན་ཏུ་ཆེ།།  སྨད་ཀྱི་མཐའ་མི་ཐམས་ཅད་དེ་རུ་འདུ།།  རི་བོ་དེ་ལ་བསྙེན་སྒྲུབ་བྱེད་གྱུར་ན།།  ལས་བཞི་ལྷུན་གྲུབ་ལྷ་ཞལ་མངོན་སུམ་མཐོང་།།  རི་བོ་དེ་ལ་རྣམ་ལྔའི་ཚོགས་ཕུལ་ན།།  ཚོགས་གཉིས་རྫོགས་ཤིང་དོན་གཉིས་མཐའ་རུ་ཕྱིན།།  ལྔ་བཅུ་ཁ་རལ་སེམས་ཅན་ཐམས་ཅད་ཀྱིས།།  དམག་འཁྲུགས་དུས་སུ་སྦོམ་རར་མཆོད་བསྐུལ་ན།།  བསྟན་དགྲ་སྒྲོལ་ཞིང་དམག་དཔུང་བཟློག་ནུས་སོ།།  ཕྱྭ་དང་གཡང་ལ་སྦོམ་ར་སྒྲུབ་གྱུར་ན།།  ལོངས་སྤྱོད་ཟད་མེད་ས་གཞི་ལྟར་དུ་འཕེལ།།  ཚེ་ཟད་པ་ལ་ཚེ་སྒྲུབ་བྱེད་གྱུར་ན།།  ཚེ་སྲོག་བསྲིང་ཞིང་བཀྲག་དང་གཟི་མདངས་རྒྱས།།  མངོན་ཤེས་དག་ལ་སྦོམ་ར་སྒྲུབ་གྱུར་ན།།  དུས་གསུམ་མ་སྒྲིབ་གསལ་བའི་མངོན་ཤེས་སྟོན།།  དུས་ཀྱི་མཐའ་ལ་བྱིན་རླབས་དགུ་འགྱུར་ཆེ།།  ཨ་ཐི།  རྒྱ་རྒྱ་༔ནྡབྷ༔ཟརྟ་རྒྱ༔སྒྲ་བསྒྱུར་བེེ་རོ་ང་ཡིས་མ་འོངས་སེམས་ཅན་དོན་དུ་མཛད་དོ།།  དགེ་ལེགས་རྒྱ་མཚོའི་བཞེད་པ་སྐོང་བྱེད་འདི།།  ཡོན་ཏན་རྒྱ་མཚོས་ཞུ་དག་དང་བཅས་བྲིས།།  བསྐལ་བ་རྒྱ་མཚོའི་བར་དུ་ཁྱེད་སྐུ་ཡང་།།  བོན་གྱི་རྒྱ་མཚོ་སྤྱོད་ལ་བརྟན་བཞུགས་སྨོན།།  བཀྲ་ཤིས།།

༣། གཉན་པོ་གཡུ་རྩེའི་གནས་ཡིག        
ཡུལ་མདོ་སྨད་ས་ཡི་ལྟེ་བ། གངས་ཅན་སྲིད་པའི་ཟོ་དོར། ཤར་གཉན་པོ་གཡུ་རྩེ་ཞེས་གནས་ལ་བདག་གི་མཚན་ཆགས་པ། དེ་ནི་རྨ་རྒྱལ་གངས་ཀྱི་རི་བོའི་ལྷོ་ཕྱོགས། ཡུལ་མགོ་ལོག་ཁག་གསུམ་གྱི་ཡུལ་དབུས། བཤད་སྒྲུབ་བསྟན་པའི་འབྱུང་གནས་རྒྱལ་བ་ཀ༔དཔལ་རྫོགས་གསུམ་གྱི་ཆོས་སྡེ་ཆེན་པོ་རྣམས་ཐོག་མར་དབུ་བརྙེས་ཡུལ་གྱི་ཤར་ཕྱོགས། མཚོ་སྔོན་གཅིག་སྒྲིལ་རྫོང་དང་། པདྨ་རྫོང་། ཟི་ཁྲིན་རྔ་བ་རྫོང་རྣམས་ཀྱི་ས་མཚམས་སུ་ཡོད་ལ། གནས་ཀྱི་ཁོར་ཡུག་རྒྱ་ཆེ་ཞིང་རྩ་བ་སྤང་དང་རྐེད་པ་རྫ་རི། དབུ་རྩེའམ་དབུས་ཀྱི་ལྟེ་བ་ནི་འགྱིག་གི་བྱེའུ་མཚོའི་རྫ་རི་དབུས་མ་སྟེ། རྩེ་མོ་གངས་དཀར་གྱི་ལ་ཐོད་མཛེས་པ། མཐའ་བསྐོར་དུ་རྫ་རི་སྨུག་པོ་དང་། བྲག་རི་དམར་བོ། གཡའ་རི་སྔོན་པོ་གྲངས་མེད་པ་རྩེ་མོ་རྣོ་དབལ་ཅན་གྱིས་ཡོངས་སུ་བསྐོར་བ། དེའི་མཐའ་བསྐོར་དུ་ནགས་རི་དང་སྤང་རི་བརྒྱ་སྟོང་དུ་མའི་ཕྲེང་བས་མཛེས་པ། ཤར་ནུབ་ཏུ་འགྱིག་གི་བྱིའུ་མཚོ་དང་སྔོ་མཚོ་སྟེ་མཚོ་ཆེན་དཀར་སྔོ་གཉིས་ཀྱི་མཚོན་ཡན་ལག་བརྒྱད་ལྡན་གྱི་བདུད་རྩིའི་དྭངས་མཚོ་སུམ་བརྒྱ་དྲུག་ཅུ་དང་མཚོ་ཕྲན་དགུ་ཁྲི་དགུ་འབུམ་གྱིས་བརྒྱན་པ། ནགས་ཀློང་རྣམས་སུ་འདབ་ཆགས་ཁུ་བྱུག་དང་། འཇོལ་མོ། ཟེར་མོ། རི་སྐེགས་སོགས་ཡིད་དུ་འོང་བའི་བྱ་རིགས་དུ་མས་སྙན་འགྱུར་གྱི་སྒྲ་སྐད་འབྱིན་པ། རྒྱ་དང་། གླ་བ། ཤ་བ། གཉན། སྟག གཟིག དོམ། དྲེད་མོ། ར་རྒོད། ཕག་རྒོད། གསའ། འཕར་སྤྱང་། ཝ་སོགས་གཅན་གཟན་དང་རི་དྭགས་ཀྱི་ཚོགས་བག་ཡངས་སུ་རྒྱུ་ཞིང་གནས་པ། རི་ཀླུང་ཀུན་ཏུ་འདུ་བ་རྣམ་བཞིའི་ནད་སེལ་བའི་སྨན་གྱི་རྩི་ཤིང་མ་ཚང་བ་མེད་པར་སྐྱེས་པ། དཔེར་ན་ཅུ་གང་དང་། སིན་ངྷུ་ར། གི་ཝ། ཆུ་ཅུ་གང་། ཅོང་ཞི། མདུང་རྩེ་སྨུག་པོ། མུ་ཟི། སྟངས་ཟིལ། རྡོ་རྒྱུས། ལྷང་ཚེར། རང་བྱུང་ཤེལ་རྡོ། རྡོ་མཚལ་སོགས་སྨན་དང་རྡོ་སྨན་མང་བོའི་འབྱུང་ཁུངས་ཡོད་པ། སྟོང་རི་ཟིལ་བ་གཡའ་ཀྱི། སེར་བོ་རྒུ་དྲུས། ཨུཏྤལ་རིགས་གསུམ། བྱ་རྒོད་སྤོས། གངྒ་ཆུང་། བོང་ང་རིགས་གསུམ། སྔོ་བེེཌྰུརྱ། གཉན་འདུལ་བ། སྲོལ་གོང་སྨུག་པོ། རྟག་ངུ་རིགས་གསུམ། གཟའ་བདུད་རྡོ་རྗེ་མགོ་དགུ། གཟའ་བདུད་ལྭ་བུ་དཀར་བོ། གསང་སྨན་གསེར་ཏིག་མེ་ཏོག་གངས་ལྷ་སོགས་ཡུལ་གཞན་ན་མེད་པའི་སྔོ་སྨན་སྣ་ཚོགས་དང་། གཞན་ཡང་ངོས་ཟིན་པ་དང་མི་ཟིན་པའི་སྨན་སྣ་མཐའ་ཀླས་པ་འཁྲུངས་པ། གསེར་དང་། དངུལ། ཟངས། ལྕགས། མན་ཤེལ། བེེཌྰུརྱ། ཕ་ལམ། གཤའ་དཀར་སོགས་རིན་པོ་ཆེའི་རིགས་ཀྱི་གཏེར་ཁ་མངོན་པ་དང་མི་མངོན་པ་དུ་མ་ཡོད་པ། ཨ་གར་དང་། སེང་ལྡེང་། ཐང་དཀར། ཐང་མོ། ཤུག་པ་སྤ་མ། མཛོ་མོ་ཤིང་སྨན་གྱི་ཚལ་ཡོད་པ། ཅོང་ཞི་རིགས་ལྔ་ལས་ཐོན་པའི་རང་བྱུང་སྨན་ཆུ་དང་། རྡོ་སོལ་གྱི་བྱེད་རྐྱེན་ལས་ཐོན་པའི་རང་བྱུང་ཆུ་ཚན་གྱི་རྫིང་བུ་སོགས་མདོར་ན་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་དང་གཉིས་སུ་མ་མཆིས་པ་ལྟ་བུའི་གནས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མཐུན་སྣང་དུ་ཡོད་དོ།།
       དེ་ལྟ་བུའི་གནས་མཆོག་དེར་རྒྱལ་ཡུམ་རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་པ་དང་། སངས་རྒྱས་གཉིས་པ་པདྨ་ཀྰ་རའི་ཞབས་ཀྱིས་བཅགས་ཤིང་དཔལ་ཆེན་སྒྲུབ་སྡེ་དགུའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ནས་སྒྲུབ་པ་མཛད་པ་ཡིན་ཏེ། གསེར་མདོག་ཅོད་པན་འཆང་བ་ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ཀྱིས། དཔལ་ལྡན་ལྷ་མཆོག་གཡུ་རྩེ་བཀའ་འཁོར་བཅས། རྒྱལ་ཀུན་ངོ་བོ་པདྨ་ཐོད་ཕྲེང་སོགས།།  རིགས་འཛིན་རྩ་བརྒྱུད་བླ་མའི་བཀའ་དམ་བཞིན།།  སོགས་ནས།།  སྟོང་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་།།  ཕྱོགས་མཚམས་སྒྲུབ་སྡེ་བརྒྱད་ཀྱི་ཁྲོ་བོའི་གར།།  ཞེས་གཡུ་རྩེའི་གསོལ་མཆོད་དུ་གསལ་བ་དང་། རྒྱལ་བ་མཆོག་དབྱངས་ཀྱིས། བྲག་རི་རྡོ་རྗེ་རབ་ལྡན་པ།།  ཕོ་བྲང་དགུ་རྫོགས་རྡོ་རྗེ་ལྡན།།  ཞེས་དང་།།  སྔ་འགྱུར་རྡོ་རྗེ་ཐེག་པའི་གདན་ས་ཆེན་པོ་དཔལ་ཡུལ་དར་ཐང་དགོན་གྱི་གདན་རབས་རྐང་འཐུང་གཞོན་ནུའི་དགའ་ཚལ་ལས། བདེ་གཤེགས་ཚོམ་བུ་དགུ་ཡི་གནས་མཆོག

༤། གནས་མཆོག་བཀྲ་ཤིས་སྒོ་མང་གི་རྟེན་རང་བྱུང་དུ་ཡོད་ཚུལ་གྱི་བཞུགས་བྱང་།
ཨེ་མ་ཧོ། ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་གནས།།  ཡུལ་འཛམ་གླིང་ས་གནས་བྱེ་བ་རུ།།  དུས་ནུབ་གཅིག་མཆོད་རྟེན་བྱེ་བ་གཅིག ། གནས་བཀྲ་ཤིས་སྒོ་མང་ཞེས་གྲགས་པ།།  འདིའི་ཕན་ཡོན་མདོ་ཙམ་འཆད་ཀྱིས་ཉོན།།   བཀྲ་ཤིས་སྒོ་མང་གཡས་ཀྱི་ཕྱོགས།།  ནུབ་པདྨ་བརྩེགས་པའི་ས་ངོས་ལ།།   མ་འཁྲའ་འགྲོ་རྒྱལ་མཚོ་འདུས་པའི་གནས།།  ཚེ་ཆུ་དང་སིནྡྟུ་ར་ཡི་གཏེར།།  སྟེང་འོག་གི་བྲག་ལ་བདེ་གཤེགས་བརྒྱད།།  ནམ་སྙིང་དང་ཕྱག་ན་རྡོ་རྗེའི་སྐུ།།  ཡང་སྒྲོལ་མ་ཉེར་གཅིག་ལ་སོགས་པའི།།  བྲིས་འབུར་གྱི་སྐུ་བརྙན་ཕྱག་ཞབས་རྗེས།།  སྔགས་ཧ༔རི༔ནི་སའི་ཡིག་འབྲུ་སོགས།།  ཕན་ཚུན་ན་འཚོལ་བའི་ཚུལ་གྱིས་ཡོད།།  དབུས་དྲང་བོའི་རི་ངོགས་བྲག་ལོགས་ལ།།  ལྷ་མཚོ་སྐྱེས་རྡོ་རྗེའི་མཚན་བརྒྱད་སྐུ།།  བཀའ་བབས་ཀྱི་མི་དགུའི་ཕྱག་ཞབས་རྗེས།།  ཡིག་འབྲུ་དང་ཕྱག་མཚན་མང་དུ་ཡོད།།  གཡོན་ལོགས་ཀྱི་བྲག་ན་རིགས་ལྔ་དང་།།  ཡང་སངས་རྒྱས་རབས་བདུན་རིགས་གསུམ་མགོན།།  རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་དང་།།  བོད་ཡུལ་གྱི་མཁས་པ་མི་བཞི་སོགས།།  ཡོངས་རྒྱལ་དང་དེ་སྲས་བྲིས་འབུར་སྐུ།།  འབྲུ་གསུམ་གྱི་སྔགས་དང་མཆོད་རྟེན་གཟུགས།།  དབུས་མཆོད ་རྟེན་ཆེན་པོའི་ནང་རྟེན་ནི།།  བདེ་གཤེགས་ཀྱི་སྐུ་གཟུགས་བརྒྱ་རྩ་བརྒྱད།།  མགོན་སངས་རྒྱས་སྟོང་རྩའི་སྐུ་བརྙན་མང་།།  གཞན་གྲུབ་ཆུ་དང་ཅུ་གང་གནས་ཤིང་རྡོ།།  བྱིན་རླབས་ཅན་བསམ་པའི་ཡུལ་ལས་འདས།།  དོན་དེ་ཕྱིར་ཕན་ཡོན་དཔག་མེད་ཀྱི།།  མི་ཀུན་གྱིས་དད་པའི་བརྐྱང་ཕྱག་ཚོལ།།  སྤོས་མེ་དང་མཎྟལ་ཁྲུས་གསོལ་རེམ།།  དད་ལྡན་གྱི་སྐྱེ་བོ་ཕོ་མོ་གང་།།  གནས་འདི་རུ་ཕྱག་བརྒྱ་བསྐོར་བརྒྱ་དང་།།  བརྐྱང་ཕྱག་གསུམ་བཅས་ཀྱི་ཕན་ཡོན་ནི།།  གསུང་ཡི་གེ་དྲུག་མ་དུང་ཕྱུར་མཉམ།།  སེམས་བསྐྱེད་ཅན་གྱིས་བསྐོར་བརྒྱ་དང་།།  བསྐྱེད་རྫོགས་ལྡན་པས་ཚར་ཉེར་གཅིག ། ལྟ་སྒོམ་ཅན་གྱི་ལན་བདུན་རྣམས།།  ཕན་ཡོན་གོང་ལྟར་འབུམ་འགྱུར་ཡིན།།  དོན་དེ་ཕྱིར་ཐེ་ཚོམ་མ་བྱེད་པར།།  གནས་འདི་ལ་ཕྱག་བསྐོར་ནན་ཏན་མཛོད།།  འདིའི་དགེ་བའི་འགྲོ་རྣམས་དག་པའི་ཞིང་།།  ཕྱིར་མི་ལྡོག་བདེ་ཆེན་གནས་ཐོབ་ཤོག ། ཅེས་པ་འདི་རྡོ་གྲུབ་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་འགྲོ་ལ་ཕན་ཕྱིར་བྲིས་པ་དགེའོ།།  བརྦ་མངྒ་ལ།།

༥། ངང་བའི་རི་ལྷ་མོའི་ལྟོ་བའི་བདུད་འདུལ་མཆོད་རྟེན་གྱི་དཀར་ཆག་བཞུགས།
བྱ་ལོ་བྱ་ཟླའི་ཚེས་བཅུའི་ནུབ།།  མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མས།།  ས་སྤྱོད་འོག་མིན་ཆེན་པོ་ནི།།  སྒྲུབ་པ་བྱེད་པའི་གནས་སུ་ལེགས།།  དོན་ལ་བཀོད་པ་ལྷུན་གྲུབ་དངོས།།  བདུད་འདུལ་རང་བྱུང་མཆོད་རྟེན་ནི།།  བསོད་ནམས་བསགས་པའི་གནས་སུ་ལགས།།  སྒྲུབ་དང་བསོད་ནམས་བསགས་ལ་འབུངས།།  གནས་འབྲེལ་ཙམ་གྱིས་ཐར་ལམ་ཐོབ།།  དུས་ལ་བབ་པོ་སྐལ་བཟང་རྣམས།།  གསུངས་པའི་ལན་དུ་ངས་སྨྲས་པ།།  ཨེ་མ་ཡེ་ཤེས་མཁའ་འགྲོ་ལགས།།  ས་སྤྱོད་འོག་མིན་གནས་དེ་དང་།།  བདུད་འདུལ་རང་བྱུང་མཆོད་རྟེན་གཉིས།།  གང་ཡིན་ང་ལ་རྒྱུས་མེད་པས།།  མངོན་སུམ་ཚིག་གིས་བསྟན་དུ་གསོལ།།  ཞུས་པའི་ལན་དུ་མཁའ་འགྲོ་མས།།  ཀྱེེ་ཧོ་གསོན་དང་སྐལ་བཟང་བུ།།  ཙ་རི་ཙ་ཀོང་ཙ་འདྲ་དང་།།  པདྨ་བཀོད་དང་པདྨ་ཆུང་།།  དུར་ཁྲོད་བརྒྱད་དང་གནས་ཉེར་བཞི།།  ཧེ་རུའི་གནས་བཅུ་ཡུལ་སོ་གཉིས།།  སྙིང་བོ་བཅུད་དྲིལ་ཞིང་གི་མཆོག ། བྱིན་རླབས་དངོས་གྲུབ་ཐམས་ཅད་འདུ།།  དཔའ་བོ་དང་ནི་རྣལ་འབྱོར་མ།།  མ་ལུས་གནས་མཆོག་འདི་རུ་རྫོགས།།  ཁྱད་པར་སྒྲུབ་པ་བཀའ་བརྒྱད་ཀྱི།།  རྟེན་དང་བརྟེན་པའི་དཀྱིལ་འཁོར་རྫོགས།།  ཡོངས་གྲགས་བཀྲ་ཤིས་རྫོང་ཞེས་གྲགས།།  འདི་རུ་སྒྲུབ་པ་བྱེད་པའི་མི།།  ཚེ་འདིར་གྲོལ་འགྱུར་ཐེ་ཚོམ་མེད།།  བདུད་འདུལ་རང་བྱུང་མཆོད་རྟེན་ནི།།  ངང་བའི་ལྷ་མོ་བཞིན་བཟང་མའི།།  ལྟོ་བ་མར་འདས་མཁའ་གསང་ན།།  གནས་ཞེས་ཡོངས་སུ་གྲགས་པ་དེ།།  སྔོན་ཚེ་ཆོས་རྒྱལ་མྱ་ངན་མེད།།  སངས་རྒྱས་ལུང་བསྟན་རྒྱལ་པོ་དེས།།  ཐུགས་བསྐྱེད་སྨོན་ལམ་རྣམ་དག་མཐུས།།  འཛམ་གླིང་ས་གནས་བྱེ་བ་རུ།།  ནུབ་གཅིག་མཆོད་རྟེན་བྱེ་བ་གཅིག  ། འབྱུང་བའི་སྨོན་ལམ་བཏབ་བཞིན་འགྲུབ།།  དེ་ལས་བདུད་འདུལ་མཆོད་རྟེན་འདིར།།  རྫོགས་པའི་སངས་རྒྱས་རབས་བདུན་གྱི།།  རིང་བསྲེལ་བྲེ་གང་ཐུགས་ཀྱི་རྟེན།།  རྒྱལ་ཀུན་ཡང་སྙིང་ཡི་གེ་རྒྱུད།།  བཀོད་ནས་སྒྲོམ་བཅུག་གསུང་གི་རྟེན།།  དུས་གསུམ་སངས་རྒྱས་རིགས་གསུམ་མགོན།།  རྡོ་སྐུ་རང་བྱོན་སྐུ་ཡི་རྟེན།།  ཤིནྟ་གྷརྦྷའི་མགུལ་ཕུར་བཅས།།  གནམ་ལྕགས་འབར་བའི་ཁང་བཟང་དུ།།  བཀོད་ནས་འབུམ་མཐིལ་གཏེར་དུ་བཞག ། མཁའ་འགྲོ་ལས་ཀྱི་དབང་མོ་ཆེས།།  སྒྲུབ་པ་མཛད་ཅིང་རབ་གནས་བྱས།།  དཔལ་ལྡན་ལྷ་མོ་ལྷ་ཡི་ལྕམ།།  གཡུ་སྒྲོན་དུང་ཕྲེང་ཀླུ་ཡི་ལྕམ།།  གནས་ཀྱི་སྲུང་མ་མཆོག་ཏུ་བསྐོས།།  མཚོ་སྨན་ཏིང་ཏིང་གཉེར་དུ་བསྐོས།།  ལྟ་བ་རྟོགས་པའི་རྣལ་འབྱོར་གྱིས།།  རང་སྣང་དོན་གྱི་འོག་མིན་དུ།།  ཤེས་ནས་བསྐོར་བ་གཅིག་བྱས་ན།།  བཀའ་དང་བསྟན་བཅོས་ཆོས་སོ་ཅོག ། དུས་གཅིག་ཀློག་དང་བསོད་ནམས་མཉམ།།  སེམས་བསྐྱེད་འགྲོ་ཀུན་ཕན་བདེའི་ཕྱིར།།  ལན་གཅིག་བསྐོར་བ་ཡིག་དྲུག་པ།།  དུང་ཕྱུར་བཟླས་དང་བསོད་ནམས་མཉམ།།  སྐྱེས་པ་ཕོ་མོའི་དད་གུས་ཀྱིས།།  བསྐོར་བ་ཁྲི་གཅིག་བྱས་པ་ན།།  ཡིག་དྲུག་དུང་ཕྱུར་བགྲང་དང་མཉམ།།  ཕྱི་ནང་གསང་བའི་བར་ཆད་སེལ།།  ནད་ཞི་གདོན་བགེགས་ཀུན་དང་བྲལ།།  རིམ་གྲོ་ཕལ་གྱི་དོ་ཟླ་མིན།།  དངོས་གྲུབ་པྲ་ལྟས་མངོན་དུ་འབྱུང་།།  དེ་ཕྱིར་ཕྱག་མཆོད་བསྐོར་བ་ལ།།  འབུངས་ཤིག་ཡུལ་འདིར་སྐྱེས་པའི་མི།།  གང་འདོད་དོན་ལ་གསོལ་བ་ཐོབས།།  དངོས་གྲུབ་འབྱུང་བར་གདོན་མི་ཟ།།  དུས་བབས་མཁའ་འགྲོའི་ལུང་བསྟན་ཡིན།།  ཡལ་བར་མ་དོར་ཡུལ་མི་རྣམས།།  ཞེས་གསུངས་ཆོས་ཉིད་མཁའ་ལ་སྨིན།།  ཞེས་བདུད་འཇོམས་རྡོ་རྗེའི་དག་པའི་སྣང་བའོ།།

༦། དག་སྣང་མཁའ་མཉམ་རང་གྲོལ་ལས༔ གནས་མཆོག་བཀྲ་ཤིས་སྒོ་མང་གི་གནས་བསྟོད་མེ་ཏོག་ཕྲེང་མཛེས་བཞུགས་སོ༔
ཨེ་མ༔ བདེ་སྟོང་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་མདངས༔བདེ་ཆེན་དགའ་བ་འཁྱིལ་བའི་འོད་གསལ་ཟུང་གི་རང་གཟུགས༔ འཕོ་མེད་རྡོ་རྗེའི་མཆོད་རྟེན་བཀྲ་ཤིས་སྒོ་མང་དུ་གྲགས་པ༔གནས་མཆོག་འོད་ཟེར་སྟོང་འབར་ཕྱོགས་དུས་གཤེགས་ཀྱི་ངོ་བོ༔སངས་བ་ཡེ་ཤེས་ཀྱི་འཁོར་ལོའི༔ མཚོན་དཔེ་བརྡ་ཡི་རི་མོའི་སྣང་བརྙན་དུ་བཀྲ་བ༔དངོས་གྲུབ་ཡིད་བཞིན་སྤྲིན་གྱི་འཕྲོ་འདུ་ཡི་འབྱུང་གནས༔  གནས་མཆོག་བཀྲ་ཤིས་སྒོ་མང་རིག་འཛིན་གྱི་གདུང་གསོབ༔ བདེ་གཤེགས་རྒྱལ་བ་ཞི་ཁྲོའི་གསང་གསུམ་གྱི་དཔལ་ཡོན། བདེ་མཆོག་རྡོ་རྗེ་མཁའ་འགྲོའི་གསང་མཛོད་ཀྱི་སྒོ་འཕར། ངེས་པ་དོན་གྱི་དགའ་ཚལ་གསང་སྔགས་ཀྱི་སྡོང་བོ༔ གནས་མཆོག་བཀྲ་ཤིས་སྒོ་མང་དཀྱིལ་འཁོར་གྱི་བཀོད་པ༔ ལྷ་དང་བླ་མ་མཁའ་འགྲོའི་འདུ་གནས་ཀྱི་བཀོད་པ༔  འོད་གསལ་རྒྱུན་ཆད་མེད་པའི་ཉམས་མྱོང་གི་རྟོགས་གནས༔  བདེ་ཆེན་འདུ་འབྲལ་མེད་པའི་རིག་འཛིན་གྱི་གདན་ས༔  གནས་མཆོག་བཀྲ་ཤིས་སྒོ་མང་བྱིན་རླབས་ཀྱི་འབྱུང་གནས༔  འཆི་མེད་རིག་འཛིན་བརྙེས་པ་མཚོ་སྐྱེས་ཀྱི་རྡོ་རྗེའི༔  གསང་བའི་རྣམ་ཐར་རྒྱ་མཚོའི་སྙིང་བོ་ཡི་ནོར་མཆོག༔  ལེགས་སྨིན་ཤིང་རྟས་དྲངས་པ་རིག་འཛིན་གྱི་མཆོད་སྡོང༔ གནས་མཆོག་བཀྲ་ཤིས་སྒོ་མང་པདྨ་ཡི་སྐུ་གདུང༔རྒྱལ་པོ་ཨ་ཤྭས་བྱང་ཆུབ་ཤིང་དྲུང་དུ་སྨོན་པས༔  འབྲས་བུ་དུས་སུ་སྨིན་པ་བསྟན་འགྲོ་ཡི་གཉེན་གཅིག༔  མཆོག་རྟེན་བྱེ་བའི་ནང་ནས་མདོ་ཁམས་ཀྱི་སྐལ་བ༔  གནས་མཆོག་བཀྲ་ཤིས་སྒོ་མང་གནས་ཆེན་གྱི་སྙིང་བོ༔  རང་སྣང་དག་པ་རབ་འབྱམས་ཡེ་ཤེས་ཀྱི་འཁོར་ལོའི། སྣང་ཆ་མ་འགགས་རྩལ་སྣང་གནས་རྟེན་དུ་ཤར་བ༔ སྣང་སེམས་དུ་མ་རོ་གཅིག་གནས་རྟེན་གྱི་ངོ་བོ༔  གནས་མཆོག་བཀྲ་ཤིས་སྒོ་མང་རང་སྣང་གི་བཀོད་པ༔ དབྱིངས་རིག་ཟུང་འཇུག་ངང་ལས་རང་བྱུང་གི་ཡེ་ཤེས༔ མཚོན་བྱ་དོན་གྱི་གནས་ལུགས་མཚོན་དཔེ་རུ་ཤར་བའི༔  དཔེ་བྲལ་དོན་གྱི་གནས་འདི་ཉམས་ལེན་གྱི་སྙིང་བོ༔  གནས་མཆོག་བཀྲ་ཤིས་སྒོ་མང་རྣལ་འབྱོར་པའི་འདུ་གནས༔  ཧེ་རུ་ཀ་དཔལ་བླ་མ་རིག་འཛིན་གྱི་ཐུགས་ཉིད༔  གདོད་ནས་བདེ་ཆེན་དོན་གྱི་མཚན་དཔེ་རུ་ཤར་བ༔ མ་བཅོས་ལྷུན་གྱིས་གྲུབ་པ་དཔལ་རི་ཡི་ཕོ་བྲང༔  གནས་མཆོག་བཀྲ་ཤིས་སྒོ་མང་ཟངས་མདོག་གི་དཔལ་རི༔  འོག་མིན་ངེས་པ་ལྔ་ལྡན་ལྷུན་སྡུག་གི་ཕྲོ་བྲང༔ བདེ་གཤེགས་རྒྱལ་བ་འདུས་པའི་དཀྱིལ་འཁོར་གྱི་བཀོད་པ༔  ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་སྤྲིན་དཔུང་དེ་བཞུགས་པས༔  གནས་མཆོག་བཀྲ་ཤིས་སྒོ་མང་འོག་མིན་གྱི་ཞིང་ཁམས༔  གསང་མཆོག་རྡོ་རྗེ་བཙུན་མོའི་མཁའ་ཀློང་གི་དཀྱིལ་འཁོར༔   གསང་སྔགས་མི་ཟད་རྒྱན་གཅིག་ཆོས་འབྱུང་གི་བཀོད་པ༔  གནས་འདི་དལོས་འདོད་ཀུན་འབྱུང་ཡིད་བཞིན་གྱི་ནོར་བུ༔  བཀྲ་ཤིས་སྒོ་མང་འབྱེད་པའི་བྱིན་རླབས་དེ་ངོ་མཚར༔  གནས་བསྟོད་མེ་ཏོག་ཕྲེང་མཛེས་དོ་ཤལ་དུ་ཕུལ་བས༔ ཡིད་སྨོན་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་ཅིང༔  བསྟན་འགྲོའི་དོན་ཆེན་བདག་གིས་མྱུར་བ་རུ་འགྲུབ་པའི༔  མཐུན་འགྱུར་བླ་མ་ཡི་དམ་མཁའ་འགྲོ་ཡིས་མཛོད་ཅིག༔
    ཅེས་གནས་བསྟོད་འདི་ཉིད་གནས་འདུས་པའི་དུས་བཟང་ལ་ཨོ་རྒྱན་མཁའ་སྤྱོད་གླིང་པས་ཕུལ་བའོ།།
    གཞན་ཡང་མགར་ཀློང་བདུད་འདུལ་དབང་ཕྱུག་གླིང་པ་དང་།།  ཏྰ་རེ་ལྟ་མོ། མཁའ་སྤྱོད་གླིང་པ། སྤྲུལ་འཇིགས་མེད་རྡོ་རྗེ་སོགས་ཀྱིས་མཛད་པའི་གནས་ཡིག་རྣམས་ཡོད་ཀྱང་འདིར་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱས་སོ།།

༧། མདོ་སྨད་མཁའ་འགྲོའི་གནས་ཆེན་པདྨ་འབུམ་རྫོང་གི་གནས་ཡིག་འབྲེལ་ཚད་ཐར་ལམ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས༔
ཨེ་མ་ཧོ༔  ཆོས་དབྱིངས་མཐའ་བྲལ་རྔ་ཡབ་དཔལ་རིའི་ཞིང༔ གདོད་མའི་མགོན་པོ་སྐྱེ་འཆི་གཉིས་སྤང་སྐུ༔  མཚོ་སྐྱེས་རྡོ་རྗེ་འགྲོ་བའི་སྐྱབས་གཅིག་པུ༔ འབྲལ་མེད་བདེ་ཆེན་འཁོར་ལོའི་རྒྱན་བཞུགས་གསོལ༔  མདོ་སྨད་ལྕགས་ཡུལ་མཁའ་འགྲོའི་གནས་ཀྱི་མཆོག༔  སྨར་མདོ་བཀྲ་ཤིས་དགའ་འཁྱིལ་ཆོས་གླིང་ཞེས༔ གནོད་སྦྱིན་ཤན་པའི་བླ་གནས་དམ་པ་ཡི༔  གནས་ཀྱི་ཡོན་ཏན་ཅུང་བཤད་གུས་པས་ཉོན༔  རྒྱབ་རི་ཆེ་གསུམ་རིགས་གསུམ་མགོན་པོ་དང༔  སྤྱི་བོ་བདེ་ཆེན་འཁོར་ལོའི་ཕོ་བྲང་མཚོན༔  བར་རྩིབས་པདྨ་དབང་ཆེན་གནས་མཆོག་དང༔ མགྲིན་པ་ལོངས་སྤྱོད་འཁོར་ལོའི་ཕོ་བྲང་མཚོན༔ འོག་རྩིབས་རྡོ་རྗེ་ཕུར་བའི་གནས་མཆོག་དང༔  སྙིང་ག་ཆོས་ཀྱི་འཁོར་ལོའི་ཕོ་བྲང་མཚོན༔ དབུས་དཀྱིལ་གནོད་སྦྱིན་ཤན་པའི་བླ་གནས་དང༔ ལྟེ་བ་སྤྲུལ་བའི་འཁོར་ལོའི་ཕོ་བྲང་མཚོན༔  ཆུ་མིག་དཔལ་ལྡན་ལྷ་མོའི་གནས་མཆོག་དང༔  གསང་གནས་བདེ་སྐྱོང་འཁོར་ལོའི་ཕོ་བྲང་མཚོན༔  འདེགས་འོག་གད་པ་རིན་ཆེན་ཁྲི་བརྩེགས་འདྲ༔  གྲུབ་ཐོབ་རྒྱུན་ཆད་མེད་པར་འབྱུང་བའི་རྟགས༔ གཡས་རི་གཤིན་རྗེ་ཚེ་བདག་ཁྲོས་པའི་གནས༔  ཆོས་ཀྱི་རྒྱལ་མཚན་མཁའ་ལ་ཕྱར་བ་འདྲ༔  གཡོན་རི་མ་རྒྱུད་མཁའ་འགྲོའི་བླ་གནས་དང༔  ཆོས་དུང་དཀར་བོ་གཡས་སུ་འཁྱིལ་བ་འདྲ༔  རྒྱབ་རི་ཆེ་གསུམ་སྐུ་གསུམ་གནས་ཀྱི་མཆོག༔  རིན་ཆེན་གདུགས་བཟང་མཁའ་ལ་ཕུབ་པ་འདྲ༔  མདུན་རི་ཀླུ་བདུད་མཆེད་ལྖམ་གནས་མཆོག་དང༔  ཁྱུང་ཁྲི་གུས་འདུད་ཞེ་ད་བྱེད་དང་མཚུངས༔  ས་གཞི་པདྨ་འདབ་མ་བརྒྱད་དང་མཚོན༔  ནམ་མཁའ་དེ་བཞིན་འཁོར་ལོ་རྩིབས་དགུ་འདྲ༔  བར་མཚམས་ཐམས་ཅད་བཀྲ་ཤིས་རྟགས་བརྒྱད་དང༔  རྫས་བརྒྱད་ནོར་བུ་སྣ་ཚོགས་དབྱིབས་སུ་འདུག༔  འཁོར་ལོ་ལྔ་ལྡན་སྤྲུལ་བའི་ཞིང་ཁམས་འདིར༔  མ་བཅོས་ཡེ་བཀོད་སྲུང་བཞི་འབུར་དུ་དོད༔  སྐྱོན་བརྒྱད་སྤངས་ཤིང་དགེ་མཚན་དུ་མས་བརྒྱན༔  ཁྱད་པར་དབང་གི་ལས་ལ་མཆོག་ཏུ་བསྔགས༔  དེ་ལྟའི་ཡོན་ཏན་བརྒྱ་ལྡན་གནས་མཆོག་འདི༔  སྔོན་ཚེ་པཎ་ཆེན་བེེ་རོ་ཙ་ན་དང༔ ཐུགས་ཀྱི་བུ་ཆེན་གཡུ་སྒྲ་སྙིང་བོ་གཉིས༔  སྨོན་ལམ་དག་པའི་ཚ་རོང་རྒྱལ་ཁམས་སུ༔  རྫོགས་ཆེན་སེམས་སྡེའི་བསྟན་པ་གསལ་ནས་སླར༔  ལྷ་ལྡན་དག་པའི་གནས་སུ་ཕེབས་པའི་ཚེ༔  གནས་འདིའི་པདྨ་བྲག་གི་སྒྲུབ་ཕུག་ཏུ༔ཞག་བདུན་གཤིན་རྗེ་ཚེ་བདག་སྒྲུབ་པ་མཛད༔  བྲག་ལས་འདུད་རྩི་ཚེ་ཆུ་རང་རྡོལ་བྱུང༔  ཚེ་ལུང་པདྨ་ཕུག་ཅེས་བྱ་བར་གྲགས༔  བྲག་རི་རྔམ་བརྗིད་གཏེར་ཆེན་བཤམས་འདྲའི་སར༔བེེ་རོའི་ཕྱག་ཞབས་རྗེས་སོགས་གསལ་བར་བཀོད༔  རྩ་སྔགས་ཨ་ཡུ་སིདྡྷི་རང་བྱུང་ཡོད༔  ཚེ་སྒྲུབ་གདམས་སྐོར་མི་འདྲ་བདུན་ཙམ་སྦས༔  མ་འོངས་སྤྲུལ་རིག་འཛིན་དུ་མ་ཡིས༔  ཕྱི་རབས་སྐྱོབ་པ་ལུང་བསྟན་དབུགས་དབྱུང་བསྩལ༔  སེང་ཆེན་ནོར་བུའི་བསྟན་པ་གསལ་བའི་ཚེ༔  བློན་ཆེན་འདན་མ་འབྲི་རྗེ་སྔགས་རྒྱལ་གྱིས༔  གནས་འདིར་བསེན་མོ་ཀླུ་གཉན་དམ་ལ་བཏགས༔  དགྲ་བླའི་གོ་མཚོན་དུ་མ་གཏེར་དུ་སྦས༔  གཞན་ཡང་རྒྱལ་དབང་པདྨ་ཐོད་ཕྲེང་དང༔  མཁར་ཆེན་མཁའ་འགྲོ་བདེ་ཆེན་རྒྱལ་མོ་ཡིས༔  རྫས་གཏེར་སྒྲོམ་དང་དམ་རྫས་སྣ་ཚོགས་དང༔  དབུལ་སེལ་ནོར་བུའི་རིགས་བྱེད་མང་དུ་སྦས༔  བྱིན་གྱིས་བརླབས་ཤིང་བཀྲ་ཤིས་བདེན་ཚིག་གསུངས༔  དབང་དྲག་གནོད་སྦྱིན་ཆེན་པོ་ཡང་ལེ་བེར༔ གཤིན་རྗེ་ཁམས་གསུམ་ཟིལ་གནོན་ཧེ་རུ་ཀ༔  བསྟན་སྲུང་རྡོ་རྗེ་ཁྱུང་དྲག་རྒྱལ་པོ་གསུམ༔  གནས་ཀྱི་སྲུང་མ་གཉན་པོ་གཉེར་དུ་གཏད༔  འབྲས་མེད་འཕྲིན་ལས་སྒྲུབ་པའི་ཐ་ཚིག་བོར༔  ཉིན་མཚན་ཀུན་ཏུ་མེས་ཚེ་བྱ་རས་བསྐྱངས༔  ཐུགས་བསྐྱེད་སྨོན་ལམ་ཟབ་མོའི་རྟེན་འབྲེལ་གྱིས༔  གླང་གི་གནམ་ལོ་ནམ་ཤར་དུས་ཀུན་དང༔  ཁྱད་པར་མེ་གླང་འོད་བརྒྱ་ངོམ་པའི་ཚེ༔  རྩལ་ལྡན་རྟ་ཟླའི་ཡར་ཚེས་བཅུ་ནས་བཟུང༔  དམར་ཕྱོགས་ཚེས་བཅུ་ཆེན་མོ་རྫོགས་པའི་བར༔  རྒྱ་གར་བྱ་རྒོད་ཕུང་དང་ཙ་རི་ཏྲ༔ ཡར་ལུང་ཤེལ་བྲག་ལྷོ་ཁ་བྲག་ཡེར་བ༔ མཆིམས་ཕུ་ཁྲ་འབྲུག་རྨ་རྒྱལ་སྦོམ་ར་སོགས༔  གནས་ཆེན་བཅུ་གསུམ་ཡོན་ཏན་གཅིག་ཏུ་བསྡུས༔  རྩ་གསུམ་རྒྱ་མཚོའི་བྱིན་རླབས་སྤྲིན་ལྟར་འཐིབས༔  པདྨའི་ཚལ་དུ་བུང་བ་འདུ་བ་བཞིན༔  མ་ཚོགས་མཁའ་འགྲོའི་འདུ་བ་རྒྱུན་མི་ཆད༔  གནས་འདིར་ཕྱག་འཚལ་ཚོགས་དང་མཆོད་པ་ཕུལ༔  གང་བྱས་འབྲས་བུས་ཐར་བའི་ས་བོན་ཐེབས༔  ལུས་ཀྱིས་ཕྱག་བྱས་ལུས་ཀྱི་སྒྲིབ་པ་བྱང༔  ངག་གིས་གསོལ་བཏབ་ངག་གི་སྒྲིབ་པ་དག༔  ཡིད་ཀྱིས་སྨོན་པས་དོན་གཉིས་ལྷུན་འགྲུབ་འགྱུར༔  གང་ཞིག་ལོ་ཉེས་མུ་གེ་འབྱུང་བའི་ཚེ༔  གནས་འདིར་ཕྱག་བསྐོར་གསོལ་བ་སུས་བཏབ་ན༔ བཀྲེན་པའི་གདུང་ཞི་ལོངས་སྤྱོད་ཕུན་ཚོགས་ཤིང༔  རྣམ་ཐོས་བུ་ཡི་རྗེས་སུ་བཟུང་བར་འགྱུར༔  གང་ཞིག་དམག་དང་འབྱུང་བཞིའི་འཚེ་བ་ན༔  གནས་འདིར་ཕྱག་བསྐོར་སྐྱབས་སུ་བརྟེན་པ་ཀུན༔  འཇིགས་པ་ཀུན་སྐྱོབ་འཕྲལ་ཡུན་བདེ་ལེགས་འབྱུང༔ ཚེ་རབས་ཀུན་ཏུ་རྒྱལ་ཏུ་རྒྱཡལ་བས་རྗེས་སུ་བཟུང༔  གང་ཞིག་གློ་བུར་གདོན་གྱིས་ཉེན་པ་རྣམས༔  གནས་འདིར་ཕྱག་བསྐོར་གསོལ་བ་སུས་བཏབ་ཀུན༔  ནད་གདོན་བར་ཆད་མི་མཐུན་ཚོགས་ཞི་ཞིང༔  ཚེ་འདིར་ཚེ་རིང་ཐེག་ཆེན་ཆོས་དང་འཕྲད༔  ཕྱི་མ་རིག་འཛིན་མཁའ་འགྲོའི་གྲྭལ་མཇུག་ཟིན༔  མི་རིང་རྒྱལ་བའི་སྲས་སུ་དབུགས་དབྱུང་ཐོབ༔  ཕྱག་གིས་བསྐོར་གཅིག་བསྐོར་བ་བརྒྱ་དང་མཚུངས༔  རྒྱངས་བསྐོར་གཅིག་དང་ནད་གི་བསྐོར་བརྒྱ་མཉམ༔  གནས་འདིར་མ་དད་ལོག་སྨྲའི་སེམས་ཅན་ཀུན༔  ཚེ་འདིར་དམ་ཅན་སྲུང་མས་རྟག་ཏུ་འཚེ༔  ཕྱི་མ་མནར་མེད་གནས་སུ་དུ་ཁ་མྱོང༔  གནས་འདིར་སུན་ཕྱུང་ལོག་པའི་རྒྱུད་འབྱམས་མཁན༔  ཚེ་འདིར་བརྒྱལ་ནད་ལ་སོགས་མ་ངེས་འབྱུང༔  རྩ་གསུམ་སྲུང་མས་བཀའ་ཡི་ཆད་ནས་གཟིར༔  ས་རྡོ་བརྒོས་དང་བླ་ཤིང་གཅོད་པ་རྣམས༔  འཕྲལ་དུ་མི་འདོད་རྐྱེན་ངན་ཚོགས་འབྱུང༔ མཐར་ཐུག་རྩ་གསུམ་རྒྱ་མཚོས་ཐུགས་ཀྱིས་ཁྲེལ༔  ཟབ་པོ་སྐལ་ལྡན་བུ་ཡི་ཐུགས་ལ་ཆོངས༔  གནས་འདིའི་གཡོན་ངོས་པདྨ་ལྷ་རིའི་རྩེར༔  སྐུ་གསུམ་མཚོན་པའི་ཕོ་བྲང་ཡོངས་འགྲུབ་ཚེ༔  ཕྱོགས་ལས་རྣམ་རྒྱལ་ལྷ་ཡི་རྔ་ཆེན་ལྡིར༔  འབྲེལ་ཚད་དོན་དང་ལྡན་ནོ་གུ་ཧྱེ་རྒྱ༔  གནས་འདིའི་སྲུང་མ་རྡོ་རྗེ་ཁྱུང་དྲག་དང༔  བཙན་རྒྱལ་གཉན་གྱི་བདག་པོ་འཁོར་བཅས་ཀྱིས༔  སྐད་ཅིག་འབྲས་མེད་སྲུང་ལ་མཐུན་རྐྱེན་སྒྲུབས༔  མ་རུང་བསྟན་དགྲ་གཞོན་པའི་མཐུ་ཐོབ་ཤོག༔  ས་མ་ཡྰ༔  རྒྱ་རྒྱ་རྒྱ༔  ཞེས་པའང་དུས་མཐའི་གཏེར་མིང་རིག་འཛིན་ལས་རབ་རྡོ་རྗེས་དག་པར་བྲིས་པ་དགེ་ལེགས་སུ་གྱུར་ཅིག།

༨། དབེན་གནས་བག་མའི་སྒྲུབ་ཕུག
བག་མའི་སྒྲུབ་ཕུག་ནི་ལོ་རྒྱས་བྱང་སེམས་ཀྱི་སྤྲུལ་བ་མང་བོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་མཆོག་དམ་པ་ཞིག་ཡིན་ལ། གླིང་དུས་སུ་དཔའ་བོ་རྒྱ་ཚ་ཞལ་དཀར་གྱིས་སྤྱན་རས་གཟིགས་སྒྲུབ་པའི་གནས་སུ་གྲགས་པ་ཕྱིས་སུ་བག་མའི་རྒྱ་ཚའི་རི་ཁྲོད་ཅེས་ཡོངས་ལ་རྒྱུས་ཆེ་བ། གསར་རྙིང་ཇོ་གསུམ་གྱི་བླ་མ་སྐྱེས་ཆེན་དམ་པ་མང་བོ་གྲུབ་པ་མཆོག་གི་གོ་འཕང་ལ་གཤེགས་པའི་རི་ཁྲོད་ཅིག་ཡིན། རི་ཁྲོད་འདི་ནི་མ་ཅིག་ཁྲོས་མ་དང་རྗེ་སྒྲོལ་མའི་གནས་སུ་གྲགས་ཏེ། སྒེས་གཏེར་ཁྲག་འཐུང་བདུད་འཇོམས་གླིང་པའི་ཁྲོས་མའི་ཁ་བྱང་དུ། ཡུལ་ཀོང་པོ་རུ་རྣམ་གྲོལ་མིང་འབྱུང༔ དེ་ཟབ་གཏེར་ཡོངསཀྱི་བདག་པོ་ཡིན༔ ཞེས་ལུང་གིས་ཟིན་པའི་རྫོགས་ཆེན་བླ་མ་རྣམ་གྲོལ་ཞེས་པ་དེ་ཀོང་པོའི་ཡུལ་ནས་ཆད་པའི་གདུང་སྐོར་ཞེས་པ་དར་ལག་དྲུག་ཅུ་ཤོག་ཏུ་གནས་པའི་འབྲོག་ཁྱིམ་དུ་འཁྲུངས་ཤིང་སྡེ་དགེ་རྒྱལ་པོའི་དྲུང་ཡིག་དང་རྫོགས་ཆེན་དགོན་དུ་ཚོགས་ཞུགས་མཛད། ཕྱིས་སུ་སྒེས་གཏེར་གྱི་མདུན་དུ་ཕེབས་ནས་ཟབ་གཏེར་ཁྲོས་མ་སོགས་སྨིན་གྲོལ་གྱི་གདམས་པ་ཟབ་མོ་རྫོགས་པར་ཞུས། རིག་པའི་ངོ་བོ་མཐོང་། རེ་ཞིག་ན་གཏེར་ཆེན་གྱིས་ལུང་བསྟན་ཏེ་འདི་ནས་བྱང་ཕྱོགས་གངས་རིའི་ཉེ་བརྒྱུད་དུ་བྲག་དཀར་དགུང་ལ་རེག་པ་ཁྱུང་གིས་ཉི་མ་ལྡེ་འདྲ་ཞིག་ཡོད། དེ་ན་མ་ཅིག་གི་སྒྲུབ་ཕུག་ཞལ་ལྷོ་ནུབ་ཨོ་རྒྱན་མཁའ་འགྲོའི་གླིང་དུ་བསྟན་པའི་སྒྲུབ་ཁང་ཡོད་པ་དེར་ཁྲོས་མའི་བསྙེན་སྒྲུབ་ཉམས་ལེན་གྱིས་དང་ཚེ་འདིར་རྣམ་གྲོལ་རྣམ་གྲོལ་དུ་འགྲོའོ་ཞེས་གསུངས། ཁ་ཅིག་ལོ་ཆེན་བེེ་རོའི་སྒྲུབ་ཕུག་ཡིན་པས་དེར་སོང་གསུངས་པ་ཡིན་ཡང་ཟེར། རྫོགས་ཆེན་རྣམ་གྲོལ་ཁོང་ཉིད་ཀྱིས་ཁྲེས་སོང་གསུངས་པ་ཡིན་ཡང་ཟེར། རྫོགས་ཆེན་རྣམ་གྲོལ་ཁོང་ཉིད་ཀྱིས་ཁྲེས་པོ་ཁུར་ནས་གནས་དེ་འཚོལ་དུ་ཕྱིན་པའི་ཡུན་རིང་བོ་ཞིག་ལ་བྲག་དཀར་ཞེས་པ་ཞིག་ངྷི་གནས་སུ་འདུག་པས། དེ་ཡིན་ནམ་དགོངས་ཏེ་དེར་བཞུགས་པ་ན། མཚན་མོ་གཅན་དག་གི་རྒྱུ་འགྲུལ་བྱུང་། ནུབ་ཅིག་ཉེར་སྤྱད་རྣམས་གཅན་གཟན་གྱིས་ཁྱེར་ཕྱིན་པས་ནངས་པར་རྗེས་འཚོལ་ཚེ་ལྷོ་ཕྱོགས་ཀྱི་རི་ལ་བརྒལ་འདུག ཁོང་གིས་གཅན་གཟན་དེའི་རྗེས་དེད་ནས་སོང་བས་བག་མའི་སྒྲུབ་ཁང་དེ་ཉིད་དུ་ཉེར་སྤྱད་རྣམས་ཚང་བར་བཞག་འདུག་པ་བླ་མའི་འཕྲིན་ལས་ཀྱིས་གྲོགས་བྱས་པར་ཤེས་ཏེ་དེར་བཞུགས། རྩེ་གཅིག་སྒྲུབ་པ་ལ་གཞོལ་ནས་བཞུགས་པའི་དུས་རེ་ཞིག་ན་ཉེ་འདབས་ཀྱི་འབྲོག་སྡེ་རྣམས་ཀྱིས་འཚོ་བའི་མཐུན་རྐྱེན་སྦྱར། མཆོད་ཡོན་གྱི་འབྲེལ་བ་ཟབ་པར་གྱུར་ནས་ཡུལ་ཕྱོགས་ཀྱིས་བླ་མར་བཀུར། རྟ་མཛོ་སོགས་འབུལ་བ་གཏོས་ཆེར་བྱུང་བ་རྣམས་བླ་མ་གཏེར་ཆེན་ཚང་དང་དགོན་པའི་སྤྱི་ཐེབས་སུ་ཕུལ། མགར་སྐོར་སོགས་ཕྱོགས་ཀྱི་གྲྭ་རིགས་དུ་མ་དེར་འདུས་ནས་མཚམས་གྲྭ་བཙུགས། གཞན་སྤྲུལ་སྐུ་དྲི་མེད་དང་། ཀུན་བཟང་ཉི་མ་སོགས་ལན་དུ་མར་མདུན་དུ་བྱོན་ནས་གཏེར་གསར་གྱི་ཆོས་རྒྱུན་གསན་ཞིང་སྒྲུབ་པ་གནང་ཚུལ་སོགས་མགར་སྐོར་གྱི་རྒན་རབས་ལ་གསལ། སྐུ་གཤེགས་ཚེ་སྐུ་གདུང་ཁྲུ་གང་ལས་མ་བཞུགས་པ་ཡོངས་ལ་གྲགས། ཁོང་གི་སློབ་མ་མགར་སྐོར་གྱི་མཚམས་པ་རྡོར་ལི་ཞེས་པ་བྲག་དཀར་སྤྲེལ་རྫོང་དུ་ཚེ་དང་སྒྲུབ་པ་སྙོམས་ནས་བཞུགས་པས་ད་ལྟའང་རྡོར་ལིའི ་མཚམས་ཁང་དུ་ཐོགས། ཡང་མགར་བླ་འཇམ་དབྱངས་ཉི་མ་དང་། ཅ་པུ་བླ་མ་རིན་ཆེན་བཟང་པོ། ཨ་ཀྱ་བླ་མ་རིག་འཛིན་རྒྱ་མཚོ། གཤོབ་བླ་མ་སྦྱིན་པ། ཤར་འོད་བླ་མ་ཚུལ་རྣམ། འཇིགས་མེད་འབྱུང་གནས་ཚང་། འགོ་སེར་ཚུལ་ཁྲིམས་སོགས་སྐྱེས་ཆེན་མང་བོ་བཞུགས་མྱོང་ལ་ད་ལྟའང་བླ་གྲྭ་ཇོ་སེར་སྒྲུབ་པ་པོ་རྒྱུན་ཆད་མེད་པར་དེར་གནས་སོ། གནས་ཀྱི་རྒྱབ་ཕྱོགས་ཁོར་ཡུག་ཏུ་བྲག་དཀར་རིན་ཆེན་སྤུངས་འདྲ་གྲངས་མེད་པ་དང་ས་དཔྱད་ལྟར་ན་མོ་རྒྱུད་ཀྱི་དབྱིབས་སུ་ཆགས་པའི་སྒྲོལ་མ་ཉེར་གཅིག་གི་གྲངས་ལྡན་སྐུའི་བཟོ་དབྱིབས་ངོ་མཚར་བའི་རི་རང་བྱུང་བཞེངས་སྟབས་སུ་བཞུགས་པ་རྣམས་དང་། དཔའ་བོ་རྒྱ་ཚ་ཞེས་རྔམ་སྟབས་སུ་འདུག་པའི་གནས་ཀྱི་བཀའ་སྲུང་གི་ཚུལ་དུ་བཞུགས་པ་གསལ་མཁར་ལབ་རྩེ་བཅས་པ་ཡོད་དོ། གནས་འདུས་ནམ་ཡིན་དང་གནས་ཀྱི་ཕན་ཡོན་སོགས་མི་སྣང་ཡང་ནམ་རྒྱུན་བྱ་ཡི་ལོ་ལ་རྩི་ཤིང་སྨན་སྣ་སོགས་ལྷག་པར་བཞག་པས་སྐབས་དེར་གནས་འདུས་ཡིན་ནམ་སེམས་སོ།།  སྒྲུབ་ཁང་གི་ཉེ་ཟུར་དུ་གཏེར་ཆུ་འཐུང་ཆོག་ཏུ་ཡོད་ལ་བུད་ཤིང་ཡང་ཉེ་དྲུང་ན་ཡོད་པ་སོགས་མཐུན་རྐྱེན་ཚོགས་པའི་ཡོན་ཏན་དང་ལྡན་པའོ།།  རྫོགས་ཆེན་བླ་མ་རྣམ་གྲོལ་བཟང་བོའི་ཡང་སྲིད་ཤར་འོད་དུ་འཁྲུངས་ཤིང་དགུང་གྲངས་ཞེ་དགུ་བར་གཤེགས། ཆོས་དང་རིག་གནས་ཀྱི་སྐུ་ཡོན་གཞལ་ཏུ་མེད་པ་ཡོངས་ལ་གྲགས་པ་དེའོ།།  གཞན་ཡོད་པོའི་མཚམས་ཁང་དུ་གྲུབ་ཆེན་འདར་འཕྱར་བ་ཞེས་རྟ་མགྲིན་གྲུབ་པའི་རྣལ་འབྱོར་བ་དེ་བཞུགས་མྱོང་ཚུལ་ཡང་བཤད་ལ་རེ་ཞིག་དེ་ཙམ་མོ།།
         
གནས་འདིར་མགོ་ལོག་གྲུབ་ཆེན་རྡོ་སྨན་པས་ཆུ་ཅུ་གང་ཡོད་པར་བཤད་པ་དང་། གཞན་སྤྲུ་ནག་དང་། བོང་དཀར། སྲོལ་གོང་། ཐལ་ཏྲེལ་པ། གཉན་འདུལ་བ། གཡའ་ཀྱི། གསེར་ཏིག་སོགས་སྨན་སྣ་བརྒྱ་ཕྲག་འགའ་དང་། རྡོ་གྷིཝ་སོགས་རྡོ་སྨན་སྣ་ཚོགས་ཡོད་དོ།།
                   གནས་ཀྱི་ཡོན་ཏན་མི་ཤེས་ཤིང་།། རྫས་ཀྱི་མཆོག་དམན་མི་འབྱེད་པའི།།
                   རང་དང་མཉམ་པའི་བླུན་པོ་འགར།། ཕན་སྙམ་འབད་པས་བཏུས་ཏེ་བཀོད།།
                   ཅེས་མགོ་ལོག་སྨན་རྩིས་རིག་པའི་ལོ་རྒྱུས་ངོ་མཚར་ནོར་བུའི་རླབས་ཕྲེང་ལས་མཐོ་སྒང་སྨན་རྫས་ཀྱི་འབྱུང་ཁུངས་གནས་རི་གྲགས་ཅན་རྣམས་ཀྱི་ལོ་རྒྱུས་གནས་ཡིག་དང་བཅས་སོ།།

No comments:

Post a Comment