Search This Blog

Wednesday, May 9, 2012

21 བོད་ལུགས་གསོ་བ་རིག་པའི་སྨན་རྫས་ཀྱི་ངོས་འཛིན་བརྟག་ཐབས།

སྨན་རྫས་གང་དང་གང་ཡིན་རུང་དེ་དག་གི་ངོས་འཛིན་བརྟག་པའི་ཐབས་ལ་ཐོག་མར་སྨན་སོ་སོའི་མིང་རྣམས་ཤེས་དགོས། དེ་རྗེས་དེ་ཉིད་ཚུལ་བཞིན་ངོ་འཕྲོད་པ་ལ་དངོས་རྫས་དེའི་སྐྱེ་གནས་དང་སྐྱེ་ལུགས། ཕྱིའི་བཟོ་དབྱིབས་དང་ཁ་དོག  བོངས་རིང་ཐུང་། དྲི་རོ་རེག་བྱ་དང་། དེ་བཞིན་མེ་ཆུ་སོགས་ཀྱི་བརྟག་པ་སྣ་ཚོགས་པའི་སྒོ་ནས་ངོས་འཛིན་པ་ནི་ཆེས་སྔ་མོ་ནས་ཡོད་པའི་སྲོལ་རྒྱུན་སྨན་རྫས་བརྟག་ཐབས་ཀྱི་རིག་པ་ཞིག་ཡིན། དེ་ལ་བརྟག་ཐབས་འདྲ་མིན་སྣ་ཚོགས་ཤིག་ཡོད་རུང་ཡོངས་སུ་བསྡུ་ན། དང་པོ་མིང་གི་སྒོ་ནས་བརྟག་པ། གཉིས་པ་སྐྱེ་གནས་ལ་བརྟག་པ། གསུམ་པ་སྐྱེ་ལུགས་ལ་བརྟག་པ། བཞི་པ་བཟོ་དབྱིབས་ལ་བརྟག་པ། ལྔ་པ་ཁ་དོག་ལས་བརྟག་པ། དྲུག་པ་བོངས་ལ་བརྟག་པ། བདུན་པ་དྲི་རོ་རེག་བྱ་ལས་བརྟག་པ། བརྒྱད་པ་ཁྱད་པར་བའི་བརྟག་ཐབས་བཅས་སོ།

         
          ༡། མིང་གིས་བརྟག་པ། མིང་གི་ངོས་བཟུང་བ་ནི་དངོས་པོ་དེ་མཚོན་པར་བྱེད་པའི་མིང་ངམ་བརྡ་སྟེ། ལུགས་སྡེ་སོ་སོར་ཡོངས་སུ་གྲགས་པའི་མིང་དེ་ཉིད་ཤེས་དགོས་ལ། ལྷག་པར་དུ་དེ་ཉིད་གང་ལས་ཐོན་པའི་གནས་སམ་ཡུལ་ལུང་སོ་སོའི་སྐད་དོད་ཡང་ཤེས་དགོས་པ་གལ་ཆེ། དེས་ན་སྨན་སོ་སོའི་བོད་རང་གི་མིང་བརྡ་དང་། རྒྱ་དཀར་ནག  ཞང་ཞུང་ཏ་ཟིག་དང་།  ཁྲོམ། གྲུ་གུ་སོགས་ལས་གཡར་བའི་སྐད་དོད། ལུགས་དང་ཡུལ་ལུང་སོ་སོའི་ཕྱག་བཞེས་ཐུན་མོང་མ་ཡིན་པའི་གབ་མིང་གསང་མིང་ལ་སོགས་པ་རྣམས་ཤེས་དགོས་པ་ནི་སྨན་རྫས་ངོས་འཛིན་གྱི་གཞི་རྩའི་ཤེས་བྱ་ཡིན།
         
          ༢། སྐྱེ་གནས་ཀྱི་སྒོ་ནས་བརྟག་པ། སྨན་རྫས་ངོས་འཛིན་དངོས་ཀྱི་སྐབས་ཐོག་མར་སྐྱེ་གནས་སམ་ཐོན་ཁུངས་གང་དུ་ཡིན་མིན་བརྟག་དགོས་སྟེ། དཔེར་ན་རྒྱ་གྲོ་བོད་གྲོ་དང་། རྒྱ་སྣེ་བོད་སྣེ་སོགས་ཁོན་ཁུངས་ཡུལ་གྱི་སྐྱེ་གནས་དང་། སྤང་རྒྱན་སྤང་སྤོས། བྲག་སྤོས་བྲག་སྐྱ་ཧ་བོ། ཆུ་རུག་འདམ་བུ་ལ་སོགས་པ་ནི་སྐྱེ་ས་སྐྱེ་གནས་ཀྱི་སྒོ་ནས་དབྱེ་བ་སྨན་སོ་སོའི་མིང་དོན་ལས་གསལ་བར་བསྟན་ཡོད། ཡང་མིང་དོན་དུ་སྐྱེ་གནས་ཀྱི་སྒྲ་མེད་ཀྱང་རིགས་བཟང་ངན་རྒོད་གཡུང་གི་སྒོ་ནས་དབྱེ་བ་ཡང་ཡོད་དེ། འཇམ་དབྱངས་སྔོ་འབུམ་དུ།[1]  གྲེས་མ་ལ་ནི་རིགས་གསུམ་འབྱུང་།། གཅིག་ནི་བྲག་ལ་སྐྱེ་སྟེ་ས་ལེ་ལྕང་[ལྗང་]པའོ།། གཅིག་ནི་ཐང་ལ་སྐྱེ་སྟེ་རྒྱ་གྲེས་མ།། གཅིག་ནི་གྲེས་རྒོད་རི་ལ་སྐྱེས།། ཞེས་དང་། འཁྲུངས་དཔེ་གཡུ་ཡི་ཕྲེང་བར།[2] ཧོང་ལེན་རི་མཐོ་རྫ་གསེབ་སྐྱེ།། ཞེས་ཧོང་ལེན་འཁྲུལ་མེད་བརྟག་པ་ལ་ཁ་མཐོའི་རྫ་རིར་སྐྱེ་དགོས་པ་གསལ་བར་བསྟན་ཡོད། དེ་ལྟར་སྐྱེ་དངོས་སྨན་རྫས་རྣམས་སྐྱེ་གནས་ཀྱི་སྒོ་ནས་བརྟག་དགོས་པ་ནི་སྨན་རྒྱུའི་ཐོན་ཁུངས་དང་སྤུས་ཚད་ལ་ངེས་པར་ཚང་དགོས་པའི་གཞི་རྩའི་ཆ་རྐྱེན་ཞིག་ཡིན། དེ་ཡང་ཕྱི་རྒྱུད་ལས།[3] སྔོ་མི་སྐྱེ་བའི་ཡུལ་ནི་གཅིག་ཀྱང་མེད།། དེ་ལ་གཅེས་པའི་ཡན་ལག་བདུན་ལྡན་དགོས།། སྐྱེ་སར་སྐྱེས་དང་དུས་སུ་བཏུས་པ་དང༌།། སྐམ་གསེད་ལེགས་དང་སོ་མ་རྙིངས་པ་དང༌།། དུག་འདོན་འཇམ་བཙལ་འཕྲོད་པར་སྦྱར་བའོ།། དེ་ཡང་སྐྱེ་སའི་མཚན་ནི་དེ་ལས། སྐྱེ་ས་ས་གཙང་ཉམས་དགའ་བུ་དྷས་བཅགས།། བཀྲ་ཤིས་ཡོན་ཏན་ལྡན་ཞིང་ས་གཞི་གཤིན།། གངས་ཅན་འབིགས་བྱེད་བསིལ་དྲོད་རང་གནས་སྐྱེས༌། ཉི་ཟླའི་སྟོབས་ལྡན་སྐྱེ་སར་སྐྱེས་ཞེས་བྱ།། ཞེས་སྐྱེ་དངོས་སྨན་རྫས་རྣམས་ཀྱི་ནུས་སྟོབས་ཕུལ་དུ་བྱུང་བར་བྱེད་པ་ལ་མིས་འདེབས་ལས་བྱས་པ་སོགས་བཅོས་མ་མིན་པར་སྨན་རྣམས་སོ་སོའི་རང་བྱུང་སྐྱེ་ཡུལ་སྐྱེ་གནས་ལས་འཐུ་དགོས་པ་གསལ་བར་གསུངས་ཡོད།། ལྷག་པར་དུ་དེང་རབས་ཚན་རིག་ཡར་ཐོན་ཅན་གྱི་སྔོ་སྨན་རིག་པ་དང་། རྩི་ཤིང་རིག་པ་རྣམས་ཀྱིས་ཀྱང་སྔོ་དང་རྩི་ཤིང་སོ་སོའི་རང་བྱུང་སྐྱེ་གནས་ལ་ཧ་ཅན་གལ་གནད་ཆེན་པོ་བརྩི་བཞིན་ཡོད།།
         
          ༣། སྐྱེ་སྟངས་སྐྱེ་ལུགས་ལས་བརྟག་པ། སྐྱེ་གནས་འདྲ་ཡང་སྐྱེ་ལུགས་མི་གཅིག་པས་སོ་སོར་ཡོད་པ་རྣམས་ལས་བརྟག་དགོས་ཏེ། གཡུ་ཐོག་པས།[4] བྲག་སྤོས་རེ་རལ་རི་སུལ་སོགས།། བྱང་བལྟས་བྲག་གི་སྲིབས་ལ་སྐྱེ།། འདབ་མ་ཆིག་སྐྱེས་ལྗང་སེར་བ།། རིང་ཐུང་སོར་བཞི་སོར་ལྔ་ཙམ།། རྒྱབ་ན་གསེར་གྱི་ཐིག་ལེ་ཡོད།། ཞེས་བྲག་སྤོས་འཁྲུལ་མེད་དེ་སྐྱེ་གནས་ཁ་བྱང་བལྟས་བྲག་སྲིབས་ན་སྐྱེ་བ། འདབ་མ་གཅིག་སྐྱེས་ཅན་ཁ་དོག་ལྗང་སེར། རྒྱབ་ན་གསེར་ཐིག་ཡོད་པ། རིན་ཐུང་སོར་བཞི་ལྔ་ཙམ་ཡོད་པའི་ཁར་དམིགས་གསལ་ཁྱད་ཆོས་ནི་སྤོས་ཞེས་སྒྲ་བྱུང་བས་ངེས་པར་དུ་དྲི་ཞིམ་ཐུལ་བ་ཞིག་དགོས་པ་ནི་སྐྱེ་སྟངས་སྐྱེ་ལུགས་ཀྱིས་ངོས་འཛིན་བརྟག་པའོ།
         
          ༤། བཟོ་དབྱིབས་ལས་བརྟག་པ། འདིར་དབང་ལག་ནི་སྔོ་ཡི་རྩ་བ་མིའི་ལག་པའི་དབྱིབས་ཆུང་བ་བུ་ཆུང་གི་ལག་མགོ་འདྲ་བ། སོར་མོ་མང་ཉུང་བདུན་དང་དྲུག  ལྔ་དང་བཞི། གསུམ་དང་གཉིས། གཅིག་སོགས་པ་དུ་མ་ཡོད་པ་གོང་རིམ་བཞིན་བཟང་བ་ཡིན་ཡང་། དབང་ལག་འཁྲུལ་མེད་ནི་སོར་མོ་ལྔ་པ་རང་བཟང་ཡིན་ཏེ། དེ་ཡང་འཇམ་དབྱངས་སྔོ་འབུམ་ལས།[5] རྩ་བ་མི་ཡི་ལག་པ་འདྲ།། སོར་མོ་བཞི་གསུམ་ལྔ་པ་ཡོད།། ཞེས་དང་སྒྲོལ་མ་སྔོ་འབུམ་ལས།[6] རྩ་བ་མི་ཡི་ལག་པ་འདྲ།། སོར་མོ་ལྔ་པ་མི་ཡི་ལག། དྲུག་པ་རྡོ་རྗེའི་ལག་པ་ཡིན།། བཞི་པ་རྒན་མོའི་ལག་པ་གྲགས།། གསུམ་པ་གཉིས་པ་ཡོན་ཏན་དམན།། ཞེས། ཡང་གཡུ་ཐོག་སྔོ་འབུམ་དུ།[7] རྩ་བ་བུ་ཆུང་ལག་པ་འདྲ།། ཞེས་དང་ད་དུང་ཀླུ་སྒྲུབ་ཀྱི་དཀའ་ཐུབ་བཅུད་ལེན་དུ།[8] སོར་མོ་བདུན་པ་ཚོགས་བདག་ལག་པ་ཡིན།། སོར་མོ་ལྔ་པ་དབང་པོ་ལག་པ་སྟེ།། སོར་མོ་བཞི་པ་གནོད་སྦྱིན་ལག་པ་ཡིན།། སོར་མོ་གསུམ་པ་རྡོ་རྗེའི་ལག་པ་སྟེ།། སོར་མོ་གཅིག་པ་ཐེའུ་རང་ལག་པ་ཡིན།། ཞེས་པ་སོགས་སྨན་རྒྱུ་སྨན་རྫས་དེ་ཉིད་ཀྱི་དབྱིབས་འདྲ་མིན་ཡོད་པ་ལ་བརྟག་དེ་ངོས་འཛིན་པ་ཡིན། ད་དུང་སྔོའི་ལོ་མ་ལ་སོགས་པའི་དབྱིབས་རྣམས་འདྲ་བ་དཔེ་ཡི་སྒོ་ནས་ངོས་འཛིན་པ་དཔེར་ན་སྦལ་པའི་ལག་པ་འདྲ་བས་སྦལ་ལག་དང་། རྟའི་རྨིག་པ་འདྲ་བས་སྔོ་རྟ་རྨིག་ལ་སོགས་པའང་མང་ངོ་།།
           
            ༥། ཁ་མདོག་ལས་བརྟག་པ།  ཡང་སྨན་སོ་སོའི་སྐྱེ་གནས་སྐྱེ་ལུགས། དབྱིབས། བོངས་སོགས་ཀྱི་ཁྱད་ཆོས་གཅིག་མཚུངས་སུ་སྣང་ཡང་སྨན་རྫས་སོ་སོའི་མེ་ཏོག་དང་། ལོ་མ། སྡོང་པོ་ཡལ་ཁ་རྩ་བ་སོགས་ཀྱི་པགས་པའི་ཁ་མདོག་གི་སྒོ་ནས་དབྱེ་བ་འབྱེད་རྒྱུ་ཡོད་དེ། དཔེར་ན་ཞིམ་ཐིག་དཀར་དམར་སྔོ་སེར་བཞི་དང་། ཨུ་དཔལ་སྔོ་གསེར་དམར་གསུམ། དབང་ལག་དཀར་དམར་གཉིས་ལ་སོགས་པ་ལྟ་བུའོ།
         
          ༦། ཆེ་ཆུང་བོངས་ལ་བརྟག་པ། སྔོ་སོ་སོའི་བོང་ཚད་ལ་བརྟག་པ་ནི། སྔོ་འབུམ་སྨན་གྱི་གཏེར་མཛོད་ལས།[9] སྔོ་སྨན་གྱི་ནི་བོང་ཚད་དག། རིང་བ་དང་ནི་ཐུང་བ་དང་།། ཕྲ་བ་དང་ནི་སྦོམ་པ་དང་།། ཀུན་ནས་ཆེ་དང་ཆུང་བ་དང་།། འགའ་ཞིག་རྩ་བ་ཆེ་བ་དང་།། ལོ་མ་ལ་སོགས་ཆུང་བ་དང་།། ཉེའུ་ཤིང་དང་ལྕ་རྒོད་བཞིན།། ཞེས་པ་ལྟར་སྨན་རྫས་རང་རང་གི་བོངས་ཚད་དེ་ཆེ་ཆུང་དང་། རིང་ཐུང་། སྦོམ་ཕྲ་སོགས་ཀྱི་ཁྱད་པར་འབྱེད་པའི་སྒོ་ནས་རྟོགས་པ་དཔེར་ན། དཔའ་བོ་དང་དཔའ་རྒོད། ཀོན་པ་གབ་ཆེན་དང་གབ་ཆུང་ལ་སོགས་པ་ཡིན། ཡང་སྐབས་རེ་ཆེ་ཆུང་སྦོམ་ཕྲ་ལ་རྒོད་གཡུང་དང་ཕོ་མོའི་བརྡ་སྦྱར་བའང་ཡོད་དེ། ཕོ་གྲེས་དང་མོ་གྲེས། ལྕ་རྒོད་དང་ལྕ་གཡུང་ལ་སོགས་པའོ།།
           
          ༧། དྲི་རོ་རེག་བྱ་ལ་བརྟག་པ། བརྟག་ཐབས་འདི་ནི་སྐྱེ་དངོས་སྨན་རྫས་སོ་སོར་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་དྲི་བཟང་ངན་དང་། རོ་དྲུག་པོ་ཤས་ཆེ་ཆུང་དང་། ཐ་ན་རེག་བྱ་རྩུབ་འཇམ་ལ་སོགས་ལ་བརྟག་པའི་སྒོ་ནས་ངོས་བཟུང་བ་ཡིན་དེ། སྤང་སྤོས་རྒྱ་སྤོས་སྦྲག་སྤོས་ལྟ་བུར་མཚོན་ན། སྤོས་ཞེས་སྒྲ་བྱུང་བས་སྐྱེ་དངོས་དེ་དག་ལ་རང་བཞིན་ལྷན་སྐྱེས་ཀྱི་དྲི་ངད་ཡོད་པ་ཤེས་དགོས་པ་དང་། ཤིང་མངར་དང་། སྐྱུར་རུ་ར། ཏིག་ཏ།(རྒྱ་གར་སྐད་དོད་རོ་ཁ་བའི་དོན་)དེ་བཞིན་ལྕེ་ཚ་ཤིང་ཚ་ལ་སོགས་པའི་སྨན་རྫས་ཁག་ཅིག་ལྕེས་མྱངས་ཚེ་རོ་དྲུག་པོ་གང་ཤས་ཆེ་བ་ལས་ངོས་བཟུང་བ་སོགས་ཀྱང་མི་ཉུང་བ་ཡོད་ལ། འཁྲུངས་དཔེ་གཡུ་ཡི་ཕྲེང་བར།[10] རྒུན་འབྲུམ་ལང་[ལུང་]ཐང་སྨིན་པ་འདྲ།། རོ་ནི་མངར་ཞིང་ཡིད་ཙམ་བསྐྱུར་[སྐྱུར]།། ཞེས་དང་། ད་དུང་འཇམ་དབྱངས་སྔོ་འབུམ་ལས།[11] སྟར་བུ་གདུག་རྩུབ་ཚེར་མ་ཅན།། འབྲས་བུ་བྱེལ་གྱི་ཕྲུ་གུ་འདྲ།། རོ་ནི་བསྐྱུར་[སྐྱུར་]ཞིང་ལྕེ་འབིགས་བྱེད། ཞེས་སྟར་བུ་འདི་རོ་སྐྱུར་བ་དང་། རེག་བྱ་རྩུབ་པ་ཚེར་མ་གདུག་རྩུབ་ཅན་གྱིས་ཁྱབ་ནས་ཡོད་པ་བསྟན་པ་ཡིན་ནོ།།
           
          ༨། ཁྱད་པར་མེ་ཆུ་སོགས་ཀྱིས་བརྟག་པ། དེ་ལྟར་བརྟག་ཐབས་རིགས་བདུན་པོ་རྣམས་ཀྱིས་ཕལ་ཆེ་རྟོགས་ཀྱང་། སྐབས་རེ་བཟང་ངན་ཤེས་པའི་ཐབས་སུ་བརྟག་ཐབས་ཁྱད་པར་བ་གཞན་ཡང་ཡོད་དེ། མིང་དོན་བརྡ་སྤྲོད་ལས།[12] ཙན་དན་བཟང་ངན་ཆུ་ལ་དྲིས།། ཆུར་བྱིང་དྲི་མེད་སྟོན་ན་བཟང་།། ཨ་ག་རུ་ནི་མེ་ལ་དྲིས།། དྲི་ཆེ་ཆིར་ཆིར་བྱུང་ན་བཟང་།། ཞེས་སོགས་ལས་ཀྱང་ཤེས་པར་བྱའོ།།



[1]  འཇམ་དབྱངས་སྔོ་འབུམ། ཤོག ༣༦                                                         
[2]  འཁྲུངས་དཔེ་གཡུ་ཡི་ཕྲེང་བ། ཤོག ༣༩                                                       
[3]  གྲ་ཐང་རྒྱུད་བཞི། ཕྱི་རྒྱུད་ལེའུ།༡༢ སྔོ་སྦྱོར་སྡེ་ཚན། ཤོག ༦༣༣                            
[4]  གཡུ་ཐོག་སྔོ་འབུམ། ཤོག ༤                                                                   
[5]  འཇམ་དབྱངས་སྔོ་འབུམ། ཤོག ༣༨                                                           
[6]  སྒྲོལ་མ་སྔོ་འབུམ། ཤོག ༡༠༤
[7]  གཡུ་ཐོག་སྔོ་འབུམ། ཤོག ༡༠༤
[8]  ཀརྨ་ཆོས་འཕེལ།(༡༩༣༠་་་༡༩༩༨) བདུད་རྩི་སྨན་གྱི་འཁྲུངས་དཔེ།  ཤོག ༡༦༤
[9]  མིའི་ཉི་མ་མཐོང་བ་དོན་ལྡན།(དུས་རབས་༡༤)  སྔོ་འབུམ་སྨན་གྱིས་མཏེར་མཛོད།  ཤོག ༢༥༢
[10]  འཁྲུངས་དཔེ་གཡུ་ཡི་ཕྲེང་བ། ཤོག ༤༠                                                    
[11]  འཇམ་དབྱངས་སྔོ་འབུམ། ཤོག ༥༠                                                         
[12]  བཻ་རོ་ཙ་ན།(དུས་རབས་༨) མིང་དོན་བརྡ་སྤྲོད་རྣམ་ལྔ། ཤོག ༥༥༡                           

No comments:

Post a Comment