Search This Blog

Thursday, May 10, 2012

22 བྱེ་བྲག་རྟོགས་བྱེད་ཆེ་འབྲིང་ཆུང་གསུམ་དང་གསོ་རིག་སྨན་མིང་།

དེ་ཡང་བོད་རྗེ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་(༨༦༦་་་༩༠༡)སྐབས་རྒྱ་གར་ནས་བསྒྱུར་བའི་ནང་དོན་རིག་པ་གཙོ་བོར་གྱུར་པའི་གཞུང་རྣམས་ཀྱི་བརྡ་དག་མིང་ཚིག་གོ་དཀའ་བ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་བཀོད་པར་བྱེ་བྲག་རྟོགས་བྱེད་ཆེན་པོ་ཞེས་གྲགས། འདི་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་ཆེས་སྔ་ཤོས་ཀྱི་ཚིག་མཛོད་དེ་ཡིན་ལ། རིམ་པས་དེ་ལ་རྟོགས་བྱེད་འབྲིང་པོ་དང་ཆུང་ངུ་བཅས་གསུམ་དུ་བྱུང་། བྱེ་བྲག་རྟོགས་བྱེད་ཆུང་ངུ་འདི་ད་ལྟ་རྩ་བརླག་ཏུ་སོང་ཟིན་པས་མཐོང་ཆོས་སུ་མེད།


འབྲིང་པོ་ལ་སྒྲ་སྦྱོར་བམ་བོ་གཉིས་ཞེས་ཡོངས་སུ་གྲགས་ཤིང་གཞུང་འདིར་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ནས། གཟུགས་མེད་པའི་མིང་དང་མངོན་མཐོ་ངེས་ལེགས་བར་བཅས་ཁྱོན་རྣམ་གྲངས་ཀྱི་སྡེ་ཚན་༣༩ ཡོད་ཀྱང་ཐམས་ཅད་ནང་དོན་རིག་པ་གཙོ་བོར་གྱུར་བའི་དམ་པའི་ཆོས་དང་འབྲེལ་བའི་ཐ་སྙད་རྣམས་ལས་རྩི་ཤིང་སྨན་ལ་སོགས་པའི་ཐ་སྙད་མེད།

རྟོགས་བྱེད་ཆེན་མོའི་གཞུང་འདིར་ཁྱོན་སྡེ་ཚན་༢༦༦ ཡོད་ཅིང་། དེ་དག་ཏུ་སྨན་མིང་དང་འབྲེལ་བ་ནི།
སྡེ་ཚན་༡༨༩ པར་ཤིང་གི་མིང་༤༡།
སྡེ་ཚན་༢༢༠ པར་འབྲུ་སྣ་ཚོགས་ཀྱི་མིང་༢༥།
སྡེ་ཚན་༢༢༢ པར་ཞོ་མར་དང་ཟས་སྐོམ་གྱི་མིང་༨༦།
སྡེ་ཚན་༢༢༣ པར་འཚོ་ཆས་ཀྱི་སྨན་གྱི་མིང་༦༨།
སྡེ་ཚན་༢༢༦ པར་རིན་པོ་ཆེ་དང་ནོར་བུ་དང་གསེར་ལ་སོགས་པའི་མིང་༤༣།
སྡེ་ཚན་༢༢༧ པར་དུང་ལ་སོགས་པའི་མིང་༨།
སྡེ་ཚན་༢༣༡ པར་མེ་ཏོག་སྣ་ཚོགས་ཀྱི་མིང་༧༧།
སྡེ་ཚན་༢༣༢ པར་མེ་ཏོག་གི་རྩ་བ་ལ་སོགས་པའི་མིང་༢༢།
སྡེ་ཚན་༢༣༣ པར་མེ་ཏོག་གི་ཡོན་ཏན་གྱི་མིང་༥།
སྡེ་ཚན་༢༣༤ པར་སྤོས་ཀྱི་རྣམ་པའི་མིང་༡༣ བཅས་བསྟན་ཡོད།
གཞུང་འདི་གཉིས་ཕྱི་ལོ་༢༠༠༠ ལོར་རྡ་ས་བོད་གཞུང་ཤེས་རིག་དཔར་ཁང་ནས་དེབ་ཆུང་སོ་སོར་པར་སྐྲུན་གནང་ཡོད།

[སྨན་རམས་པའི་དཔྱད་རྩོམ་ལས་ཟུར་འདོན་བྱས།]

1 comment:

  1. དེ་ཡང་དེ་རིང་ཤེས་ཡོན་ལེགས་འདུས་ཀྱི་དུས་རབས་ནང་དགེ་མཚན་གྱི་རྣམ་པར་གསར་པ་ཞིག་ཏུ་མངོན་པས་ཐུགས་རྗེ་ཆེ།

    ReplyDelete