Search This Blog

Thursday, May 10, 2012

23 གསོ་རིག་ལོ་རྒྱུས་སུ་གྲགས་ཆེ་བའི་སྔོ་འབུམ་གསུམ།

བོད་ཀྱི་གསོ་བ་རིག་པའི་སྨན་ངོ་གསལ་བྱེད་དང་དེ་དག་གི་ཕན་ནུས་རྒྱས་པར་སྟོན་པའི་གཞུང་སྔོ་འབུམ་དང་འཁྲུངས་དཔེ་སྣ་ཚོགས་ཤིག་བྱུང་ཡོད་པའི་ཁྲོད་ནས་ཆེས་སྔ་ཤོས་དང་། གྲགས་ཆེ་ཤོས་ནི་འཇམ་དབྱངས་སྔོ་འབུམ་དང་། སྒྲོལ་མ་སྔོ་འབུམ། གཡུ་ཐོག་སྔོ་འབུམ་གསུམ་བྱུང་བ་ལོ་རྒྱུས་ཡིག་ཆ་ཁག་ཏུ་གསལ་བ་མ་ཟད་སྔོན་བྱོན་གསོ་རིག་མཁས་དབང་ཕལ་མོ་ཆེས་ལུང་འདྲེན་གནང་སྟངས་ལ་གཞིགས་ན། དེ་དག་ནི་ལོ་རྒྱུས་ཐོག་སྙན་གྲགས་ཅན་གྱི་སྨན་གཞུང་ཚད་ལྡན་ཞིག་ཡིན་པ་རིག་པས་སྒྲུབ་ཐུབ།
དེ་ཡང་བོད་བཞུགས་དཔལ་བརྩེགས་དཔེ་རྙིང་ཞིབ་འཇུག་ཁང་གིས།[1] ལོ་རྒྱུས་ཡོངས་གྲགས་ལྟར་ན་འཇམ་དབྱངས་སྔོ་འབུམ་དང་སྒྲོལ་མ་སྔོ་འབུམ་ཞེས་བོད་ཀྱི་སྔོ་སྨན་ངོས་འཛིན་བྱ་ཚུལ། སྐྱེ་ཡུལ་དང་། སྐྱེ་དུས། དབྱིབས་དང་ཁ་མདོག རོ་ནུས་ཞུ་རྗེས། བཏུ་བའི་དུས་ཚོད་བཅས་བཤད་པའི་འཁྲུངས་དཔེ་ཐོག་མའི་གྲས་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། ཞེས་དང་། མཁས་དབང་བྱམས་པ་འཕྲིན་ལས་(༡༩༢༨་་་༢༠༡༡) ཀྱིས་[2]ཀྱང་།  ཁྲི་སྲོང་དུས་སུ་བོད་ཀྱི་སྨན་རྫས་རིག་པའི་ཐད་ནས་བཤད་ན། སྐད་གྲགས་ཅན་གྱི་སྒྲོལ་མ་སྔོ་འབུམ་དང་འཇམ་དབྱངས་སྔོ་འབུམ་ཞེས་པ་གཉིས་ཐོན་པ་དེས་བོད་སྨན་གྱི་སྨན་རྫས་རིག་པ་སླར་ཡང་འཕེལ་རྒྱས་གསར་བ་ཞིག་ལ་སླེབས་པའི་མཚོན་རྟགས་འགོག་མེད་དུ་འཆར་་་། ཞེས་དང་ཡང་ཁོང་གིས། སྔོན་ཆེད་ལོ་ངོ་ཆིག་སྟོང་ཉིས་བརྒྱའི་གོང་ནས་བོད་སྨན་གྱི་སྔོ་འབུམ་ཚད་ལྡན་དེ་ལྟ་བུ་བྱུང་བ་དང་། དེང་གི་དུས་སུའང་ལོ་རྒྱུས་ཡུན་རིང་ཡིན་པའི་རྩ་ཆེན་རིག་གནས་ཤུལ་བཞག་འདི་ལྟ་བུ་ཉམས་ཆག་མེད་པར་བརྒྱུད་འཛིན་ཐུབ་པ་ནི་རང་ཅག་མི་རིགས་ཀྱི་གཟི་བརྗིད་དང་སྤོབས་པ་སྐྱེ་འོས་པ་ཞིག་གོ  ཞེས་མངགས་བརྗོད་ཆེན་པོ་གནང་ཡོད། ད་ལྟ་ང་ཚོ་དགའ་ཚོར་བྱེད་འོས་པ་ཞིག་ལ་གོང་གི་རིན་ཐང་བྲལ་བའི་སྔོ་འབུམ་གསུམ་པོ་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པ་ནི་སྔོན་བྱོན་གསོ་རིག་མཁས་དབང་རིམ་བྱོན་རྣམས་ཀྱི་བཀའ་དྲིན་དང་།  གཞུང་དེ་དག་ད་ལྟ་དཀར་ཆག་གསལ་ཞིང་གོ་རིམ་ངེས་པས་བལྟ་ཀློག་བདེ་བ་ཡོད་པ་ནི་ད་སྐབས་བོད་ཀྱི་གསོ་བ་རིག་པ་དོན་གཉེར་ཅན་གྱི་སྐྱེ་བོ་མཆོག་དམན་བར་གསུམ་དང་། སྒོས་སུ་དེང་སྐབས་ཤེས་ཡོན་གོང་འཕེལ་གཏོང་བའི་ཆ་རྐྱེན་མེད་དུ་མི་རུང་བའི་རྒྱལ་སྤྱི་རྒྱལ་ནང་གི་དཔེ་མཛོད་ཁང་ཁག་དང་། ཤེས་ཡོན་ལྟེ་གནས་ཁང་། དེ་བཞིན་གང་ཟག་སྒེར་སོ་སོའི་དཔེ་མཛོད་ཁང་བཅས་དཔེ་དེབ་མཁོ་གྲུབ་དང་། དཔེ་རྙིང་གསོག་ཉར། མཚན་བཤུས་དང་པར་མ་གསར་སྐྲུན་སོགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་དངོས་གནས་ང་ཚོའི་རིག་གནས་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་གྱིས་འོས་འགན་བསྒྲུབས་པ་ཞིག་རེད་སྙམ།

༡། འཇམ་དབྱངས་སྔོ་འབུམ།
སྔོ་འབུམ་འདི་དུས་ནམ་བྱུང་དང་མཛད་པོ་དངོས་སུ་ཡིན་ད་ལྟ་བར་ཐག་ཆོད་པའི་གཏན་ཚིག་བྱུང་མེད། གསོ་རིག་ཚིག་མཛོད་ཆེན་མོ་དང་གསོ་རིག་དཔེ་རྙིང་དཀར་ཆག》 《སྨན་གཞུང་གཅེས་བཏུས། དེ་བཞིན་སྡེ་སྲིད་(༡༦༥༣་་་༡༧༠༥)དང་མཁས་དབང་བྱམས་པ་འཕྲིན་ལས་སོགས་ཀྱིས་དུས་རབས་བརྒྱད་པའི་ནང་ལོ་ཆེན་བཻ་རོས་ཁ་ཆེ་ཟླ་བ་མངོན་དགའ་ལས་སྨན་དཔྱད་ཆ་ལག་མང་པོ་ཞུས་ཤིང་མཛད་པར་གསུངས་པ་དང་། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྒྱ་ནག་རི་བོ་རྩེ་ལྔར་བྲམ་ཟེ་དུང་མདོག་ལ་གསུངས་པ་རིམ་པས་ཆོས་རྒྱལ་ཁྲི་སྲོང་(༧༤༢་་་༧༩༧)སྐབས་བོད་དུ་དར་བ་ཡིན་ཚུལ་གསུངས་པ་སོགས་བཞེད་པ་མི་འདྲ་བ་དུ་མ་སྣང་བ་ཙམ་མ་ཟད། སྔོ་འབུམ་གྱི་མཚན་བྱང་དུ་ཡང་སྨན་དཔྱད་སྣ་ཚོགས་སྔོ་ཡི་མན་ངག[3][4][5]དང་། གསོ་དཔྱད་སྔོའི་མན་ངག་སྔོ་འབུམ།[6] འཇམ་དཔལ་གྱི་སྔོ་འབུམ་གསལ་བའི་སྒྲོན་མེ།[7]  སྨན་གྱི་འཁྲུངས་དཔེ་སྣ་ཚོགས་བཀོད་པའི་འཇམ་དབྱངས་སྔོ་འབུམ།[8]བཅས་མི་འདྲ་བ་གསུམ་ཙམ་སྣང་།
གཞུང་འདིར་སྔོ་སྨན་གྲངས་༡༨༠(མཚོ་སྔོན་གསོ་རིག་ཞིབ་འཇུག་ཁང་གིས་༡༧༤)[9] ལྷག་ཙམ་གྱི ངོས་འཛིན་དང་། རོ་ནུས། ཕན་ཡོན། སྦྱར་ཐབས་སོགས་བསྟན་ཡོད།

༢། སྒྲོལ་མ་སྔོ་འབུམ།
སྔོ་འབུམ་འདི་ཡང་དུས་དང་མཛད་པོ་སུ་ཡིན་གྱི་བཞེད་པ་མི་འདྲ་བ་སྣ་ཚོགས་འདུག་མོད། གཞུང་རྒྱས་བསྡུས་དང་། སྨན་རྫས་རིགས་དབྱེ་དང་། དེ་དག་འགྲེལ་སྟངས་ལ་གཞིག་ན་ཕལ་ཆེར་འཇམ་དབྱངས་སྔོ་འབུམ་གྱི་རྗེས་སུ་བྱུང་བ་ཞིག་ཨེ་ཡིན་སྙམ།  འོན་ཏེ་ལོ་རྒྱུས་སུ་གྲགས་ཆེ་བ་ནི་རྗེ་བཙུན་སྒྲོལ་མས་གསུངས་པ་དང་སློབ་དཔོན་ཤནྟི་གརྦྷས་ལེགས་སྦྱར་སྐད་ལས་བསྒྱུར་ཅིང་། དུས་རབས་བརྒྱད་པའི་ནང་སླར་བླ་སྨན་བདུན་ནམ་ལོ་ཙཱ་བ་བདུན་གྱིས་བཀའ་བགྲོས་ལེགས་པར་བགྱིད་ཏེ་གཏན་ལ་དབབ་པ་ཞིག་ཡིན་པར་གྲགས། དེ་ཡང་གསོ་སྤྱད་སྔོ་རིན་ཆེན་འཁྲུངས་དཔེའི་རྒྱུད་བསྟན་པ་ཞེས་བྱ་བ་རྒྱུད་ཆེན་པོ་ལེའུ་བརྒྱ་དང་ཉི་ཤུ་ཡོད་པའི་ནང་ནས་སྔོ་སྨན་སྣ་ཚོགས་དང་ཤིང་སྨན་སྣ་ཚོགས་ཀྱི་ལེའུ་ལས་ཕྱུངས་སྟེ་ཁྱོན་སྨན་སྣ་གྲངས་༢༤༠(མཚོ་སྔོན་གསོ་རིག་ཞིབ་འཇུག་ཁང་གིས་༢༣༠)[10]ལྷག་ཙམ་གྱི་ངོས་འཛིན་དང་དེ་དག་གི་སྐྱེ་གནས་དང་དབྱིབས། རོ་དང་ནུས་པ། ཕན་ཡོན་སྦྱར་ཐབས་བཅས་རྒྱས་པར་བསྟན་ཡོད། གཞུང་འདིའི་མ་དཔེ་བྲིས་མ་ཞིག་བོད་ལྗོངས་སྨན་རྩིས་ཁང་གི་དཔེ་མཛོད་ཁང་དུ་བཞུགས་ཡོད་སྐད་འདུག  པར་མ་གཅིག་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཕྱི་ལོ་༡༩༨༠ ནང་པར་སྐྲུན་གནང་འདུག་ཅིང་མཚན་བྱང་དུ་BOD-KYI-SNGO-SMAN བོད་ཀྱི་སྔོ་སྨན་ཞེས་གསལ། དེ་ཡང་༡༩༧༣ ལོར་པད་བཀོད་རི་བོ་ཆེ་རྗེ་དྲུང་རིན་པོ་ཆེའི་སྤར་པ་ཚེ་བརྟེན་རྡོ་རྗེས་བོད་སྨན་གྱི་ཕྱག་དཔེ་ཁག་གསུམ་ཞེས་པའི་ནང་ཚན་གསོ་སྤྱད་སྔོ་ཚོགས་ཀྱི་མན་ངག་རིན་ཆེན་འཁྲུངས་དཔེ་བསྟན་པ་ཞེས་པ་དེ་དང་། ཕྱི་ལོ་༡༩༧༤ ལོར་མར་ཡུལ་གྱི་ལྷ་རྗེ་བཀྲས་སྒང་གཡང་འཕེལ་ལགས་ཀྱི་སྨན་རྩིས་ཤེས་རིག་དཔེ་མཛོད་དེབ་ཨང་༥༠ པའི་ནང་གི་གསོ་སྤྱད་སྔོ་སྦྱོར་ཚོགས་ཀྱི་མན་ངག་རིན་ཆེན་འཁྲུངས་དཔེ་བསྟན་པ་ཞེས་བྱ་བ་དེ་གཉིས་མཉམ་བསྒྲིགས་ཀྱིས་པར་དུ་སྐྲུན་པ་ཡིན་འདུག[11] སྔོ་འབུམ་འདིའི་མཚན་བྱང་དུ་གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ།[12][13][14] གསོ་དཔྱད་སྔོ་སྣ་ཚོགས་ཀྱི་འཁྲུངས་དཔེ་བསྟན་པ།[15][16] གསོ་དཔྱད་སྔོ་སྦྱོར་ཚོགས་ཀྱི་མན་ངག་རིན་ཆེན་འཁྲུངས་དཔེ་བསྟན་པ།[17] དང་འཁྲུངས་དཔེ་གཡུ་ཡི་ཕྲེང་བ།[18] སོགས་མི་འདྲ་བ་ཁ་ཤས་འདུག།

༣། གཡུ་ཐོག་སྔོ་འབུམ།
འདི་ལ་སྔོ་འབུམ་ཆེན་མོའང་གྲགས་ལ་མཛད་པ་པོ་ནི་གཡུ་ཐོག་གསར་མ་(༡༡༢༦་་་༡༢༠༢)ཡིན་ཏེ་གསར་མའི་རྣམ་ཐར་དུ།[19] གཞན་ཡང་སྨན་པའི་རྒྱལ་པོ་གཡུ་ཐོག་པ་དེས་སྔོ་འབུམ་ཆེན་མོ་་་་་་་སོགས་མཛད་ཞེས་འཁོད། སྔོ་འབུམ་སྨན་གྱི་གཏེར་མཛོད་དུ་གཞུང་འདིའི་མཛད་པ་པོ་གཡུ་ཐོག་རྙིང་མ་(༧༠༨་་་༨༣༣)ཡིན་པར་གསུངས་[20]ཀྱང་། གང་གི་རྣམ་ཐར་དུ་སྔོ་འབུམ་མཛད་པའི་འགྲོས་མི་གསལ་ལ།  གཞུང་གི་མཇུག་བྱང་[21]དུ། སྔོ་འབུམ་མཐོང་འགྲོལ་ཆེན་པོ་འདི།། ཡི་དམ་འཕགས་པ་འཇམ་དཔལ་དང་།། རྗེ་བཙུན་སྒྲོལ་མའི་སྔོ་འབུམ་དང་།། དྲང་སྲོང་ཆེན་པོའི་གསུང་རྒྱུན་ལ།། བརྟེན་ནས་གཡུ་ཐོག་མགོན་པོས་བསྡེབས།། ཞེས་གསུངས་པར་གཞིག་ན་སྒྲོལ་མའི་སྔོ་འབུམ་དང་། འཇམ་དབྱངས་སྔོ་འབུམ་གཉིས་ཀྱི་རྗེས་སུ་བྱུང་བ་གསལ་བར་མངོན། གཞུང་འདིར་སྨན་སྣ་༡༩༠ ཙམ་གྱི་སྐྱེ་ལུགས་སྐྱེ་སྟངས་དང་ཕན་ནུས་རྣམས་བསྟན་ཡོད་ལ། སྔོ་སོ་སོའི་བོངས་ཚད་མཛུབ་རེ་དང་ཐོ་རེ། མཁྱིད་རེ་དང་ཁྲུ་རེ། དེ་བཞིན་མདའ་རེ་དང་འདོམ་རེ་སོགས་གསུངས་པས་བོད་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་སྔོ་སྨན་གཙོ་བོར་བསྟན་པའི་སྔོ་འབུམ་ཞིག་ཡིན་པ་གསལ་བར་མཚོན་ཐུབ་བོ།།

གང་ལྟར་ཡང་སྔོ་འབུམ་འདི་གསུམ་གྱིས་གསོ་བ་རིག་པའི་སྨན་རྫས་ངོས་འཛིན་དང་སྨན་རྒྱུ་ཚད་ལྡན་ཐོག་ཕན་ཐོགས་ཆེན་པོ་བྱུང་ཡོད། སྔོ་འབུམ་དེ་དག་གཞི་མར་བྱས་ཏེ་དུས་རབས་༡༨ པ་ཕྱི་ལོ་༡༧༢༧ ལོར་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་མཆོག་ནས་སྔོན་བྱུང་མཁས་པའི་གཞུང་ལ་དཔྱད་པ་མཛད་ཅིང་། བོད་ཀྱི་ཡུལ་ཁམས་ཀུན་གྱི་མཐའ་བཞི་རི་ཀླུང་སྐོར་ཏེ་བོད་ཀྱི་གསོ་བ་རིག་པའི་སྨན་རྒྱུ་སྨན་རྫས་ཀྱི་གཞུང་ཆེན་ཤེལ་གོང་ཤེལ་ཕྲེང་གསར་རྩོམ་གནང་སྟེ་སྔར་མ་དག་པ་རྣམས་ད་ཆ་ཁུངས་དག་སྤུས་གཙང་དང་། དེ་སྔ་ཐེ་ཚོམ་ཅན་རྣམས་ད་ལྟ་ངེས་ཤེས་འདྲོངས་པར་གཏན་འབེབས་བྱས་པས་བོད་ཀྱི་གསོ་བ་རིག་པའི་སྨན་རྫས་ངོས་འཛིན་དང་སྨན་རྒྱུ་ཚད་ལྡན་ཐོག་རླབས་ཆེན་གྱི་བྱས་རྗེས་འཇོག་གནང་མཛད་པ་དང་། ལྷག་པར་དུ་སྨན་གྱི་མིང་དང་མངོན་བརྗོད་རྣམས་བཀོད་པས་སྨན་ངོས་འཛིན་ཐོག་ཕན་ཐོགས་ཆེན་པོ་བྱུང་ཡོད། དུས་དེ་ནས་བཟུང་གཞུང་འདི་ལ་བརྟེན་ནས་སྔ་ཕྱི་རིམ་པར་འཁྲུངས་དཔེ་འདྲ་མིན་དང་། སྨན་མིང་ཚིག་མཛོད་ལ་སོགས་པ་སྣ་ཚོགས་ཤིག་ཐོན་དང་ཐོན་མུས་སུ་ཡོད་དོ།།



[1]     གསོ་རིག་སྨན་གྱི་རོ་ནུས་ངོས་འཛིན་རིན་ཆེན་སྒྲོན་མེ། བསྡུ་སྒྲིག་གསལ་བཤད། ཤོག༠༢
[2]     བྱམས་པ་འཕྲིན་ལས།(༡༩༢༨་་་༢༠༡༡) གསོ་རིག་སྨན་རྫས་བྱུང་འཕེལ་གཞོན་ནུ་ཀུན་དགའ་བའི་གཏམ། ཤོག ༨༠ དང་ ༨༢
[3]     སྡེ་སྲིད་སངས་རྒྱས་རྒྱ་མཚོ།(༡༦༥༣་་་༡༧༠༥) ཁོག་འབུབས། ཤོག ༡༢༠
[4]     བྱམས་པ་འཕྲིན་ལས། གསོ་རིག་བསྟན་པའི་ཉིན་བྱེད་གྱི་རྣམ་ཐར། ཤོག ༦༨
[5]     སྐལ་བཟང་རྡོ་རྗེས། སྨན་གཞུང་གཅེས་བཏུས། ཤོག ༨༡
[6]     བྱམས་པ་འཕྲིན་ལས། གསོ་རིག་སྨན་རྫས་བྱུང་འཕེལ་གཞོན་ནུ་ཀུན་དགའ་བའི་གཏམ། ཤོག ༨༠
[7]     དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། གསོ་རིག་རིན་ཆེན་སྒྲོན་མེ། ཤོག ༠༡
[8]     བླ་མ་སྐྱབས། གསོ་རིག་དཀར་ཆག་མུ་ཏིག་ཕྲེང་བ། ཤོག ༡༧༤
[9]     སྔོ་འབུམ་སྨན་གྱི་གཏེར་མཛོད། དག་སྒྲིག་གསལ་བཤད། ཤོག ༠༣
[10]    སྔོ་འབུམ་སྨན་གྱི་གཏེར་མཛོད། དག་སྒྲིག་གསལ་བཤད། ཤོག ༠༣
[11]    བཀྲ་ཤིས་ཚེ་རིང་གི་བོད་ཀྱི་སྔོ་སྨན་གི་གླེང་བརྗོད། ཤོག ༥
[12]    གསོ་རིག་ཚིག་མཛོད་ཆེན་མོ། ཤོག ༩༨༡
[13]    བོད་ལུགས་གསོ་རིག་དཔེ་རྙིང་དཀར་ཆག ཤོག ༡༥༦
[14]    སྐལ་བཟང་རྡོ་རྗེ། སྨན་གཞུང་གཅེས་བཏུས། ཤོག ༠༡
[15]    ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ། སྟོད་ཆ། ཤོག ༡༣་་་༡༤
[16]    བྱམས་པ་འཕྲིན་ལས། གསོ་རིག་སྨན་རྫས་བྱུང་འཕེལ་གཞོན་ནུ་ཀུན་དགའ་བའི་གཏམ། ཤོག ༨༠
[17]    བཀྲ་ཤིས་ཚེ་རིང་གི་བོད་ཀྱི་སྔོ་སྨན་གི་གླེང་བརྗོད། ཤོག ༤་་་༦
[18]    གསོ་རིག་རིན་ཆེན་སྒྲོན་མེ། ཤོག ༠༡
[19]    བྱམས་པ་འཕྲིན་ལས། གསོ་རིག་བསྟན་པའི་ཉིན་བྱེད་གྱི་རྣམ་ཐར། ཤོག ༡༢༧                            
[20]    སྔོ་འབུམ་སྨན་གྱི་གཏེར་མཛོད། དག་སྒྲིག་གསལ་བཤད། ཤོག ༠༣
[21]    གཡུ་ཐོག་ཡོན་ཏན་མགོན་པོ། གཡུ་ཐོག་སྔོ་འབུམ། ཤོག ༢༧་་༢༨

No comments:

Post a Comment